དོན་གྲུབ་རྒྱལ་སྙན་ངག་པ་ཡིན་དང་མིན་གྱི་དབྱེ་མཚམས།

གཅན་མེ་སྟག        2012-08-15

མང་དག་ཅིག་གིས་དེང་རབས་སྙན་ངག་གླེང་འོངས་དུས་དོན་གྲུབ་རྒྱལ་གླེང་དགོས་ཡོད་ལ། སྙན་ངག་གསར་མའི་བྱུང་བ་བཤད་དུས་ཀྱང་དོན་གྲུབ་རྒྱལ་ནི་གཡོལ་ཐབས་མེད་པའི་གཞི་འདྲེན་གཅིག་པུ་རེད་སྙམ་ཀྱིན་ཡོད། ཁས་མ་བླངས་ཐུ་མེད་དུ་གྱུར་བ་ནི་དོན་གྲུབ་རྒྱལ་གྱི་རྩོམ་རིག་གི་གྲུབ་འབྲས་དང་བསམ་བློའི་ཤན་སྟོབས་དེ་ཀོ་རེད། རྦབ་ཆུ་རྒྱུགས་པ་དང་འདྲ་བའི་བསམ་བློའི་ཟེགས་མ་དེས་བོད་ཀྱི་ཡུལ་ཀླུང་ཀུན་དུ་ལྗང་མྱུག་ཐོལ་གྱིས་འབུས་འདྲའི་བསིལ་ཆབ་ཀྱིས་བྲན་ཞིང་། ལང་ཚོའི་བཀྲག་མདངས་འཚེར་བའི་རྩོམ་རིག་གི་རླུང་བུ་དེས་གངས་ཀྱི་རི་ལུང་འདིར་དཔྱིད་ཀྱི་དྲོད་སྣང་སྐྱེལ་འདྲའི་བདེ་ཚོར་གྱིས་བརྒྱན།

དོན་གྲུབ་རྒྱལ་གྱི་བསམ་བློ་དང་རྩོམ་རིག་ཐད་ཀྱི་གྲུབ་འབྲས་ནི་བོད་པའི་རིག་གནས་དང་ཡི་གེ་འདི་ཉིད་ལ་ཡོད་མ་མྱོང་བའི་ཆག་སྒོ་རབས་དང་རིམ་པ་ཞིག་བྱུང་རྗེས་ཀྱི་དུས་རབས་ནང་། ཆེས་ཐོག་མར་བསམ་བློ་གསར་བ་ཞིག་གི་ངོས་ནས་གྱེན་དུ་འགྲེང་བའི་བློ་སྤོབས་དེས་མཚོན་ཞིང་། རྙིང་བ་དང་གསར་བའི་རིག་གནས་ཀྱི་བརྡབས་གསིག་ཁྲོད་ཐོག་མར་རང་ལ་དབང་བའི་ལམ་བུ་ཞིག་མ་བཙལ་ཐབས་མེད་ཀྱི་སྙིང་སྟོབས་དེས་མཚོན་ཐུབ། སྙིང་སྟོབས་དེ་ཁོ་ནས་སྤྲུལ་རྫུན་གྱི་གདོང་འབག་བཤུས་ཤིང་། སྤོབས་པ་དེ་ཁོ་ནས་བསྟོད་རྩོམ་གྱི་རྐུབ་འཕོངས་བསྟན་ཡོད།

ཡིན་ནའང་སྙན་ངག་པ་ཅེས་པ་ནི་གྲངས་འབོར་དང་སྤུས་ཚད་སོགས་ཕྱོགས་ངོས་དུ་མ་ནས་གདེང་འཇོག་དང་ཚད་གཞི་བཟུང་ཡོད་པའི་ཆ་ནས་བལྟས་ན། སྙན་ངག་གི་ལམ་འདིར་ཞུགས་ཡུན་ཐུང་བའི་དོན་གྲུབ་རྒྱལ་ནི་སྙན་ངག་པ་ཞིག་ཏུ་ཚད་གཞི་འཇོག་དཀའ་སྟེ། ཁོང་གི་སྙན་ངག་གི་ཚད་གཞིར་འོས་པའི་བརྩམས་ཆོས་ནི་ལང་ཚོའི་རྦབ་ཆུ་ཁོ་ན་ཡིན་ལ། དེ་ལས་གཞན་སྲོལ་རྒྱུན་ལྟར་བརྩམས་པའི་འབོལ་རྩོམ་ཞོགས་པའི་སྐྱ་རེངས་ཀྱིས་བསྡུས་པའི་སྙན་ངག་དག་ནི་གསར་རྩོམ་ཞིག་ཏུ་མཐོང་ཁག་པོ་རེད། དེ་ལྟར་བཤད་དོན་ནི་སྲོལ་རྒྱུན་སྙན་ངག་ཏུ་འབོད་པའི་བཅད་མའི་རྩོམ་རིག་བརྩམས་ཆོས་དག་སྙན་ངག་མིན་པར་བཤད་པ་མིན་པར། དེ་ལྟའི་རྩོམ་རིག་ནི་བོད་པའི་མཁས་པ་སུ་ལའང་ཡོད་ཕྱིར་རོ། །

དེས་ན། ཁོང་གི་༼ལང་ཚོའི་རྦབ་ཆུ༽དང་༼འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་པའི་སྙིང་གསོན་པོ་ཞིག༽ཅེས་པ་གཉིས་ཀྱིས་སྙན་ངག་གི་ལུགས་སྲོལ་གསར་བ་ཞིག་བཟོས་པ་དང་དེ་ཡིས་ཁོང་ལའང་སྙན་ངག་པ་ཞེས་པའི་མཚན་བྱང་འོད་འབར་བ་ཞིག་གནང་བ་ཡིན་ནམ་ཞེ་ན། ཕལ་ཆེར་ཞིག་ནི་དེ་ལྟར་འདོད་དེ། མེ་ལོང་མའི་ལུགས་ཀྱི་བཅད་རྩོམ་ལས་གཞན་གང་ཡང་མེད་པའི་བོད་ཀྱི་རྩོམ་སྟེགས་སུ་ཐོག་དང་པོར་འབྲི་སྲོལ་གསར་མ་ཞིག་ངོ་སྤྲོད་བྱས་པ་ལྟ་བུས་ཁོང་ལ་གདེང་འཇོག་རབས་དང་རིམ་པར་བྱུང་ཡོད།

གཅིག་བྱས་ན་སྙན་ངག་གསར་མའི་ལུགས་འདི་རྒྱའི་ལྔ་བཞི་ལས་འགུལ་ལས་དར་ཁྱབ་བྱུང་བ་ལྟ་བུ་ཞིག་དང་དེ་ཉིད་བོད་ཡིག་གི་ལམ་ནས་ཚུར་ལེན་བྱེད་པོའང་དོན་གྲུབ་རྒྱལ་ཡིན་ཕྱིར་སྙན་ངག་གསར་མའི་ལུགས་འདིའི་ཆེས་ཐོག་མའི་འཚོལ་སྙེགས་ཀྱི་འབྲས་བུ་ཞིག་ཏུ་མ་མཐོང་རང་མཐོང་དུ་གྱུར་ཡོད། སྙན་ངག་རང་ངོས་ཀྱི་བསམ་བློ་དང་སྒྱུ་རྩལ་གྱི་མཚོན་ཐབས་སོགས་ཀྱིས་ལང་ཚོའི་རྦབ་ཆུ་འདི་དངོས་གནས་རྦབ་ཆུ་རྒྱུགས་པ་དང་འདྲ་བར་སྙན་ངག་གི་ལམ་དུ་འོད་ལམ་ལམ་དུ་འབབ་ཀྱིན་ཡོད་མོད། སྙན་ངག་ནི་ཁ་གཡང་སྒྲོགས་པ་དང་གྱེར་འདོན་བྱེད་པ་རྐྱང་རྐྱང་ཞིག་མིན་པའི་ཆ་ནས་བལྟས་ན། དེའང་ཆེས་ཐོག་མའི་ཚད་གཞི་རུ་འགྱུར་དཀའ་བའི་ངོས་དེ་མཐོང་བྱུང་། དེ་ནི་སྙན་ངག་ཁོ་ནའི་སྟེང་བཤད་པ་ལས་ཁོང་གི་བསམ་བློ་དང་བརྩམས་སྒྲུང་སོགས་ཀྱིས་མཚོན་པའི་རྩོམ་རིག་གི་གནས་བབས་ཀྱི་སྟེང་ནས་བཤད་པ་མིན། སྙན་ངག་ཅེས་པ་འདི་ཚོར་རྟོག་ཅིག་འཕེལ་ཞིང་འགྱུར་ཏེ་མཐའ་མའི་བརྡབས་གསིག་ཅིག་གམ་ཕོག་ཐུག་ཅིག་ཏུ་འགྱུར་གྱིན་ཡོད་ནའང་། སྙན་ངག་གི་རིན་ཐང་དང་འཕེལ་འགྱུར་གྱི་བརྡབས་གསིག་དེ་ཀོ་ལྡོག་ཟླའི་ཟོལ་གྱིས་འོངས་ཀིན་འདུག་སྟེ། སེམས་ཁམས་ཤིག་གི་ཆོས་ཉིད་ཀྱིས་བརྡབས་གསིག་དེ་སྐད་ཅིག་གཅིག་གི་རྣམ་པར་འགྱུར་ཀྱིན་ཡོད།

སྙན་ངག་གི་རིན་ཐང་ནི་ཡུན་རིང་སྟེ། ༼ སྙན་ངག་དམ་པའི་རྒྱན་ལྡན་ནི།། བསྐལ་བའི་བར་དུ་གནས་པར་འགྱུར། །༽ཞེས་པ་བཞིན་རྒྱ་གར་གྱི་ནག་མོ་ཁོལ་དང་བོད་ཀྱི་ཙོང་ཁ་པ་ལ་སོགས་པའི་དོན་གྱི་སྙན་ངག་དག་གིས་ཤེས་ཐུབ། འོ་ན། ༼ལང་ཚོའི་རྦབ་ཆུ༽ནི་དོན་གྱི་སྙན་ངག་མ་ཡིན་ནམ་ཞེས་ན། ངོས་ནས་ཚིག་གི་སྙན་ངག་ཙམ་ལས་དོན་གྱི་སྙན་ངག་ཅིག་ཏུ་ངོས་འཛིན་གྱི་མེད། དོན་གྱི་སྙན་ངག་གི་ཚད་གཞི་ཅི་ཡིན་ཟེར་ན་ཁོ་བོ་ལྟ་བུའི་བླུན་རྨོངས་པ་ཞིག་གིས་ཚད་གཞི་འཇོག་དཀའ་ནའང་། འཇིག་རྟེན་སྟོང་སྣང་གི་གཉུག་གཤིས་མཐའ་དག་གསལ་ལེར་སྟོན་ནུས་ཤིང་། དྲང་བདེན་དང་བརྩེ་སེམས་ཀྱིས་ཕྱུག་པ་ཞིག་ནི་ཅིས་ཀྱང་ཡིན་དགོས་བསམ་ཀྱིན་ཡོད།

ཚད་དེ་འདྲ་ཞིག་གི་སྟེང་ནས་བལྟས་ན་དོན་གྱི་སྙན་ངག་འབྲི་མཁན་མང་དུ་བྱུང་མེད་པའང་ཤེས་ཐུབ་སྟེ། སྙན་ངག་པ་ནི་རང་གི་ནང་སེམས་ཀྱི་དགེ་སྡིག་འཚོལ་མཁན་ཞིག་ཡིན་པའི་ཆ་ནས་རང་གི་ཚོར་རྟོག་དེ་ཀོ་མིའི་རིགས་སྤྱིའི་ཚོར་རྟོག་ཅིག་ཏུ་བསྒྱུར་མཁན་ཞིག་ཏུ་གྱུར་ཡོད་ལ། རང་གིས་རང་གི་སེམས་ཚོར་དེ་གླེང་ཞིང་རང་ལ་མྱོང་བ་གང་ཞིག་འཐོབ་པའི་གོ་རིམ་ཞིག་གི་སྟེང་ནས་མིའི་རིགས་ལ་བགྲོ་གླེང་བྱེད་མཁན་ཞིག་ཡིན་ཏེ། མྱོང་ཚོར་དེ་ལ་ཆ་གཞན་ནས་ཕྱིར་ལྡོག་ཀྱང་ཟེར་བཞིན་ཡོད།

ཕྱིར་ལྡོག་ནི་འགྱུར་ལྡོག་ཅིག་རེད། འགྱུར་ལྡོག་དེ་ཤེས་ཡོན་ཞིག་དང་རིག་རྟོགས་ཤིག་གི་འགྱུར་ལྡོག་རྐྱང་བ་མིན་པར་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོའི་སྟེང་ཁྱོན་ཡོངས་ནས་བྱུང་བའི་འགྱུར་ལྡོག་ཅིག་རེད། དེའི་དཔེ་མཚོན་ལ་མི་ལ་རས་པ་ལྟ་བུས་འཐུས་མོད། དོན་གྱི་སྙན་ངག་འབྲི་མཁན་ཡོངས་སུ་དེ་འདྲའི་བྱ་བྲལ་བ་ཞིག་མིན། གནད་དེ་འདྲ་ཞིག་ནས་བསམ་ན་ལང་ཚོའི་རྦབ་ཆུ་ནི་ཚིག་འགྲོས་ཀྱི་སྙན་ཆ་དང་དབྱངས་འགྲོས་ཀྱི་དྲག་ཤུགས་འཚོལ་བའི་ཚིག་གི་སྙན་ངག་ཙམ་རེད་སྙམ།

ནང་སེམས་ལྗོངས་ཀྱི་ཀློང་དུ་ཇི་ལྟར་འབྱམས་ནུས་ན་དོན་སྟོང་བའི་བདེན་པ་དེ་ལྟར་ཤུགས་ཆེ་བར་འགྱུར་བས་དབེན་སིམ་སིམ་གྱི་ཚིག་འགྲོས་རེ་རེ་ལས་ཀྱང་དུངས་དང་བརྩེ་བ་རླབས་བརྡོལ་བ་བཞིན་འཕྱུར་བའི་སྙན་ངག་དག་ནི་དོན་གྱི་སྙན་ངག་དང་། སྐད་ཅིག་གཅིག་གི་ཚོར་བར་ཚ་རེག་སྟེར་ནུས་ལ། སྒེག་མོར་གཟབ་འཕྱོར་སྤྲས་པ་དང་འདྲ་བའི་ཚིག་དང་དབྱངས་ཀྱིས་ཟིན་པ་དག་ནི་ཚིག་གི་སྙན་ངག་གོ་ཞེས་ཀྱང་བཤད་འདོད།

གཞན་དུ་དོན་གྲུབ་རྒྱལ་གྱི་རིན་ཐང་དང་བསམ་བློའི་ཐད་དུ་བྱས་རྗེས་གང་འདྲ་ཡོད་མིན་དེ་ཨ་བུའི་བྲིས་པའི་རང་གྲོལ་ཞིབ་འཇུག་གི་ལྟ་ཚུལ་དག་དང་མི་མཐུན་པ་ཆེར་མེད་ནའང་། ད་དུང་བཤད་མ་ནུས་པ་རེ་གཉིས་ཨེ་ཡོད་སྙམ་པའི་འདུ་ཤེས་ཤིག་སྐྱེས་ཀྱིན་ཡོད་མོད། མི་གང་ཞིག་ལ་ཆེད་དུ་ཞིབ་འཇུག་གིས་ལས་རླབས་པོ་ཆེ་དེ་འདྲ་སྒྲུབ་པར་ངོ་སོ་བསྟོད་པ་ལས། རང་གིས་མི་ནུས་བཞིན་དུ་དེ་འགྲིག་མ་སོང་དང་གན་མ་རེད་ལ་སོགས་སྙིང་བོས་དབེན་པའི་ཉོག་ཚིག་དག་ནི་ཅིས་ཀྱང་བརྗོད་མི་འདོད་དོ། །

  • ལེ་ཚན་སྔོན་མ།:མཁས་དབང་དགེ་ཆོས་ཀྱི་འདོད་བསྟན་ལས་འཕྲོས་ཏེ་ཕོ་མོའི་འཚོ་བའི་ཐད་ཀྱི་ཤེས་བྱ་འགའ་གླེང་བ།
  • ལེ་ཚན་རྗེས་མ།:དགེ་ཆོས་ཀྱི་བྱད་གཟུགས་དང་གྱོན་ཆས་སོགས་ལ་དཔྱད་པ།
  • དོ་སྣང་ཆེ་བའི་རྩོམ།