འཇུ་སྐལ་བཟང་གི་སྙན་ངག་ཅིག་གི་ཕྲན་དཔྱད།
རེ་རྐང་གླིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-08-31
སློབ་མཐར་ཕྱིན་པའི་མཉམ་སྤྲོའི་དགུང་ཚོགས་སྟེང་དུ།
འཇུ་སྐལ་བཟང་།
པུ་ཙེ་དང་པུ་ཙེ་ཕྲད་པ་ལས
སྤྲོ་སྐྱིད་ཀྱི་བཞད་སྒྲ་སིང་སིང་དུ་སྒྲོག
རྒུན་ཆང་ཁོ་ན
ཁ་ཁུ་སིམ་པའི་ངང་ཁོང་འདར་ཕྲན་བུ་རྒྱག་བཞིན
ཁོ་བོའི་མིག་ལ་ཅེར་གྱིས་ལྟ
མིག་ཆུ་ལྡོག་གཅིག
ཆང་གར་དུ་ཤར་གྱིས་མཆོངས་པ་ན
རླབས་ཕྲན་ཟླུམ་པོ་འགའ་ཞིག
བགྲང་བྱའི་འཁོར་ལོའི་རིས་དང་འདྲ་བར
དབུས་ནས་མཐའ་རུ་ཁད་ཀྱིས་འདྲལ་བར་བྱེད
རླབས་རིས་ཐ་མ་དེའི་དབུས་ནས
མིག་ཆུས་བརླན་པའི་ལག་ཕྱིས་དམར་བོ་ཞིག
ཆུང་ངུ་ནས་ཆེ་བ
མོག་པོ་ནས་གསལ་བར་མངོན་བྱུང
ཀྱེ་མ་ཆང་འདི
ཆང་འདི་ཇི་ལྟར་བཏུང་བར་བཟོད
བདག་གིས་མིག་ཆུ་དང་འདྲེས་པའི་རྒུན་ཆང་འདིས
མེ་ཏོག་སྣ་བརྒྱ་བཞད་པའི་ཞིང་ཁམས་དེར
བསང་གཏོར་འགྲེམ་ལ
གང་དུ་ལག་ཕྱིས་དམར་པོ་དེ་ཉིད་ཟག་པར་གྱུར་པའི་ས་དེ་ག་ནས
བསྐལ་བཟང་མེ་ཏོག་ཚོམ་ཞིག
ཅིས་ཀྱང་བཞད་དུ་འཇུག་ངེས
སྙན་ངག་བརྩམས་ཆོས་གང་ཞིག་ཡིན་པས་ཀྱང་གང་དེ་འབྲི་བར་འགྱུར་བའི་གོ་རིམ་ལ་༼འགུལ༽དང་༼སྒུལ༽གཉིས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཞིག་གནས་ཡོད་པར་འདོད་པ་ནི། གཅིག་ནས་སྙན་ངག་པ་གང་དེར་ཕྱི་དངོས་པོའི་བརྡབ་གསིག་གམ་འཕོ་འགྱུར་གྱི་བྱ་ནུས་དེས་སྡོད་གཟོད་མེད་པའི་ཟུག་སློང་གི་ཚོར་བ་འཚུབ་པོ་ཞིག་སྐྱེས་བཞིན་སྙན་ངག་འབྲི་བའི་ལས་ཀར་འཇུག་པ་དང་། ཅིག་ཤོས་རང་ཡུལ་དུས་ངེས་མེད་དུ་ནང་སེམས་ཀྱི་འགལ་འདུའི་འཕྱུར་ཤུགས་ལྟར་འགོག་ཐབས་མེད་པའི་ཚོར་བ་སྐྱོ་བོ་ཞིག་གིས་ཤར་ཤར་སྙན་ངག་འབྲི་འདོད་སྐྱེས་པའི་འདོད་བློ་དེ་ལས་སྙན་ངག་འབྲི་བའི་ལས་ཀར་འཇུག་གིན་ཡོད་པ་རེད། དེ་ལས་སྔ་མ་དེ་༼འགུལ༽གྱི་རིགས་སུ་འདུ་ཞིང་ཕྱི་མ་དེ་༼སྒུལ༽གྱི་ཁོངས་སུ་ཚུད་ཡོད་པར་འདོད། རྒྱ་ལ་འགུལ་དང་སྒུལ་གྱི་དབྱེ་བ་དེ་དེ་ལྟའི་བར་ཐག་གིས་ཆོད་ནས་ཡོད་པ་ཞིག་ཏུ་དཔྱད་འཇོག་དཀའ་ནའང་། ཀློག་འགྲེལ་གྱི་ཁྲོད་དུ་ངེས་ཤེས་འདྲོངས་པའི་བར་ཐག་རེ་དབྱེ་ཐུབ་པ་ནི་རང་འགུལ་གྱིས་རྩོམ་ཆོས་གང་ཞིག་བྲི་བར་རྩོམ་པའི་སྙན་ངག་པ་གང་དེའི་བརྩམས་ཆོས་དེ་གཏན་ཚིགས་ཀྱི་གསལ་ཁ་རང་བཞིན་ལྡན་པ་ནས་ཤེས་རབ་ཅན་གྱི་འཇོན་ནུས་སུ་མདོག་འགྱུར་བའི་ཉེན་ཁ་ཤིན་ཏུ་ཆེ་ཞིང་། བསམ་ཤེས་ཀྱི་མནོ་བསམ་ལ་འདྲ་བ་བཞག་པས་ཚད་རིམ་ངེས་ཅན་ཞིག་གི་སྟེང་ནས་གཞན་དབང་དུ་འགྱུར་ངེས་ལ། དེའི་སྙན་ངག་གི་ལྷན་སྐྱེས་རང་བཞིན་ལ་དང་དོད་ཆེར་མི་བྱེད་པར་གཙོ་བོ་ཁ་གཏད་གཅོག་ཡུལ་གྱི་ཀློག་པ་པོ་ཀུན་པོར་སེམས་ཀྱི་སྣང་བ་འགྲོ་བ་དེས་བརྩམས་ཆོས་དེ་ཉིད་ཀྱི་ཁོག་པ་གུ་དོག་གི་བབས་སུ་དེད་ནས་ཡོད་པ་རེད། དེ་དང་བསྡུར་ན་ཚོར་བའི་སྒུལ་ཤུགས་ཀྱིས་མ་བཟོད་པར་བྲིས་པའི་སྙན་ངག་ཅིག་ཡིན་ན་དེ་ཉིད་གྲ་སྒྲིག་ཅི་ཡང་མེད་པའི་སྒོ་ནས་མགོ་རྩོམ་ངེས་ཤིང་ཁ་ཐུག་སྣ་ཐུག་གི་ཚོར་བས་ཟིན་ས་དེ་སྙན་ངག་གི་རྒྱབ་ལྗོངས་སུ་འགྱུར་ངེས་པས་སྣང་བ་ཟ་ཟི་དང་ཚོར་བ་རབ་རིབ་དེས་སྙན་ངག་དང་འབྲེལ་བ་མེད་པའི་ཕྱིའི་འགྲུབ་རྐྱེན་སྐོར་ཞིག་ལ་ཡ་འཇོག་མི་བྱེད་པར། དངོས་པོའམ་སྣང་བ་དེའི་གཤིས་ཀ་ངོ་མ་དེ་རང་གི་དྲན་ཤེས་ཀྱི་འཇུ་སྟོབས་ལྟར་སྙན་ཚིག་གི་ལམ་དུ་འདྲེན་པར་རིགས་སོ།།
དེས་ན་གོང་གསལ་འཇུ་སྐལ་བཟང་ལགས་ཀྱི་སྙན་རྩོམ་《སློབ་མཐར་ཕྱིན་པའི་མཉམ་སྤྲོའི་དགུང་ཚོགས་སྟེང་དུ》ཞེས་པ་ལྟ་བུར་ཆ་མཚོན་ནས་བཤད་ན་གཙོ་བོ་༼སྒུལ༽གྱི་ཁོངས་སུ་འདུས་པ་ཅན་ཞིག་སྟེ། སྙན་ངག་བརྩམས་ཆོས་འདི་སྙན་ངག་པ་ཁོང་གི་སྙན་ངག་བརྩམས་ཆོས་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་ཀྱང་གནད་དོན་དེའི་སྟེང་ནས་བཀྲལ་ན་གོ་བ་འབྱུང་སླ་སྟེ། སྙན་ཚིག་འགོ་བརྩམས་མ་ཐག༼པུ་ཙེ་དང་པུ་ཙེ་ཕྲད་པ་ལས༽ཞེས་ར་རོ་བར་འགྱུར་ངེས་པའི་སྣང་མཚོན་གྱི་ཡིད་བཪྙན་ཅིག་གསར་བཞེངས་བྱས་པས་སྙན་རྩོམ་གྱི་ཁ་དབུགས་ཧྲིལ་བོ་འཁྲུག་ཆ་དོད་པོའི་བབས་སུ་དེད་ནས་ཡོད་ཅིང་། ཡང་བསྐྱར་༼རྒུན་ཆང་ཁོ་ན༽ཞེས་དུས་རབས་སྔོན་མའི་ལོ་རབས་བརྒྱད་བཅུའི་སྐབས་སུ་བོད་ཡུལ་ལ་མཚོན་ན་ཧ་ཅང་ལྐོག་གྱུར་གྱི་རང་བཞིན་མངོན་ཏེ་ཡོད་པའི་ཕྱི་གླིང་བའི་ཆང་གིས་རང་གི་སྣང་བ་མཚོན་ཚུལ་དེ་གཞོན་ནུས་སེམས་ཤུགས་ཀྱིས་བཏེགས་པའི་གསར་བཏོད་ཀྱི་སྙིང་སྟོབས་ཤིག་ཡིན་ལ།འདི་ཡིས་དུས་སྐབས་དེའི་རིང་གི་ན་གཞོན་སྐོར་ཞིག་གི་སེམས་ཁ་དེ་གངས་དཀར་གྱི་ཕྲེང་རིམ་གཏོར་ནས་འཇིག་རྟེན་གསར་བ་ཞིག་གི་སྒོ་མོ་འབྱེད་རྒྱུར་ཆོད་སེམས་ཀྱིས་བརྟས་ནས་ཡོད་པའང་མངོན་པར་མཚོན་ཡོད་པ་རེད། དེ་བཞིན་༼མིག་ཆུ་ལྡོག་གཅིག ཆང་གར་དུ་ཤར་གྱིས་མཆོངས་པ་ན༽ཞེས་༼སྤྲོ་སྐྱིད་ཀྱི་བཞད་སྒྲ་སིང་སིང་དུ་སྒྲོག༽གིན་པའི་སློབ་གྲོགས་ཚོ་དང་རིགས་མི་མཐུན་པའི་མི་ཞིག་སྤྲོས་བརྗོད་ཀྱིས་ཁེར་རྐྱང་དང་བསམ་གཞིགས་ལ་ཡན་པའི་སྙན་ངག་པ་ཞིག་གི་སེམས་རྨ་ཤར་ཤར་གློད་པ་འདིས་ད་གཟོད་སྙན་ངག་གི་དོན་གྱི་རྒྱབ་ལྗོངས་ཧྲིལ་བོ་སྤྲོ་སྣང་ལས་སྐྱོ་སྣང་གི་རིགས་སུ་དེད་ནས་ཡོད་ལ། ༼རླབས་ཕྲན་ཟླུམ་པོ་འགའ་ཞིག བགྲང་བྱའི་འཁོར་ལོའི་རིས་དང་འདྲ་བར དབུས་ནས་མཐའ་རུ་ཁད་ཀྱིས་འདྲལ་བར་བྱེད༽ཅེས་འདས་མ་ད་གསུམ་གྱི་ངོ་མཚར་བའི་སྒྱུ་འཕྲུལ་གྱི་རང་ལུགས་བཞག་ཐོག
༼རླབས་རིས་ཐ་མ་དེའི་དབུས་ནས མིག་ཆུས་བརླན་པའི་ལག་ཕྱིས་དམར་བོ་ཞིག
ཆུང་ངུ་ནས་ཆེ་བ མོག་པོ་ནས་གསལ་བར་མངོན་བྱུང༽ཞེས་སྟོང་བསམ་གྱི་རྒྱུད་དུ་ཟེགས་པའི་རླབས་ཆེ་བའི་མནོ་བསམ་དེ་མངོན་པར་རྒྱས་སྤྲོས་བྱས་ཅིང་། སྙན་ངག་པའི་ཚོར་བ་ཆེས་གཟི་ས་དེ་ཡང་ལྷིང་ལ་ཕུད་ཡོད་པ་ནི་༼ཀྱེ་མ་ཆང་འདི ཆང་འདི་ཇི་ལྟར་བཏུང་བར་བཟོད༽ཅེས་རང་གིས་རང་ལ་ལེ་བདའ་འམ། དྲི་བ། གཤག་བཅོས་བྱེད་པ་ལྟ་བུའི་ཚིག་རྐང་འདི་གཉིས་ཀྱིས་གོང་གི་རྒྱས་སྤྲོས་སྟོང་བསམ་ཅན་གྱི་བར་སྟོང་མཐའ་དག་མཐའ་གཅིག་ཏུ་དམ་པོར་བསྡམས་པ་ནས་ཟ་ཟིའི་སྣང་བ་དེ་ཡང་གར་སོང་ཆ་མེད་དུ་གྱུར་བ་ནང་བཞིན་རིག་པ་སྐྲ་རྩེར་བབས་ཏེ་རང་གི་འདས་ཕྱིས་ཀྱི་མདུན་ལམ་ལ་བསམ་གཞིག་བྱས་ཐོག་སློབ་མཐར་ཕྱིན་པའི་མཉམ་སྤྲོའི་དགུང་ཚོགས་དེ་ཡང་༼མཐར་ཕྱིན་པ༽ཙམ་དང་༼མཉམ་སྤྲོ༽ཙམ་ཞིག་གི་ཆེད་དུ་མ་ཡིན་པར་རིག་གནས་ཀྱི་ལྗོངས་ཆེན་ཞིག་གསར་འཛུགས་ལ་བྲེལ་བའི་ལས་བྱ་བ་ཏག་ཏག་གི་ཆེས་ཐོག་མའི་འདུ་འཛོམས་ཤིག་ཏུ་བཤད་ཐོག རང་བབ་སྙན་ངག་པ་ཞིག་གི་འགན་གཙང་ལེན་གྱི་དམ་ཚིག་ཤོད་ཡོད་པ་ནི་༼བསྐལ་བཟང་མེ་ཏོག་ཚོམ་ཞིག ཅིས་ཀྱང་བཞད་དུ་འཇུག་ངེས༽ཞེས་ཁས་ལེན་དམ་བཅའ་བཞག་ཡོད་པ་དེ་རེད།
སྙན་ཚིག་འདི་སྤྱིའི་ཆ་ནས་ཅུང་ཁ་གསལ་བའི་རིགས་སུ་གཏོགས་ནས་ཡོད་ལ་ཡིད་བཪྙན་གྱི་འདེགས་ཤུགས་དེ་ཡང་སྒྲུང་རྩོམ་གྱི་སྒྲིག་གཞི་ལྟར་བྱུང་རིམ་ཡོད་པ་ཅན་ཞིག་ཡིན་ནའང་། དུས་ཀྱི་ཆ་དང་བར་སྟོང་གི་སྒྲིག་དབྱེ་ལྟར་བཀྲལ་ན་མཚོན་དོན་མང་པོ་ཞིག་ད་ལྟའི་དུས་ཚིགས་ཀྱིས་མི་འཁྱོག་པ་ཞིག་དང་། སྙན་རྩོམ་རང་སྟེང་གི་དྭངས་གཤིས་ཀྱི་ཆ་དེ་སྙེགས་ཀྱང་རེག་དཀའ་བའི་མཐོ་ཚད་ཅིག་ཏུ་འགྲེངས་ཡོད་པ་དེ་སྙན་ངག་འདིའི་གཞན་དྲིང་མི་འཇོག་པའི་ཁྱད་ཆོས་སུ་འདོད་དོ། །