གསར་རྩོམ་ལ་ཞུགས་པའི་མྱོང་ཚོར།

བཞག་སྲས།        2014-11-13

 ང་ནི་ཆུང་ནས་རྩོམ་ཡིག་ཀློག་འདོན་ལ་མོས་པ་ཆེ་ཞིང་། རྩོམ་པ་པོ་ཞེས་པ་སེམས་ཀྱི་གདེང་འཇོག་ཚད་མཐོ་སར་བཀུར་ཏེ་བརྩི་མཐོང་བྱེད་མཁན་གྱི་གྲས་ཡིན་པས། སུམ་རྟགས་དག་གསུམ་གྱི་རྨང་གཞི་ཆགས་ཙམ་ནས་རྩོམ་ཡིག་ཐན་ཐུན་མང་པོ་ཚོད་འབྲི་བྱས་ཏེ། དེབ་ཏུ་བསྒྲིགས་ན་དཔེ་ཆ་དྲུག་བདུན་གྱི་ཚད་དུ་ལོང་བ་བྲིས་མྱོང་མོད། ནང་དོན་གྱི་ཆ་ནས་དངོས་ཡོད་འཚོ་བའི་བརྙན་རིས་དང་རྟོག་པ་འཆར་ཡན་གྱི་སྟངས་ཀ་གང་ཡང་ཚུགས་ཐུབ་མེད་པར་ཆལ་ཆོལ་ཞིག་ཏུ་ཆགས་ཡོད་པ་སྨོས་མེད་ཡིན་པས། དེང་སྐབས་ཀུན་པོ་འཐོར་སོང་བ་ལའང་ཕངས་སེམས་ཆེར་མི་འདུག སྐབས་དེར་རྩོམ་ཡིག་འབྲི་བ་ནི་ཚིག་ཚོགས་བསྒྲིག་རྒྱུ་དང་སྙན་ཆ་འདོན་རྒྱུ་ཙམ་ལས་སྤྱི་ཚོགས་འཚོ་བ་དངོས་ནས་ཉབས་ཞིབ་ཀྱིས་གཅིག་སྡུད་དང་རྒྱུས་ལོན་གྱི་ཤེས་བྱ་མཐོ་རུ་གཏང་དགོས་པ་ཡིད་ལ་ཤར་མ་མྱོང་ཞིང་། རྩོམ་ཡིག་གང་ལ་རྩོམ་པ་པོའི་འགན་འཁྲི་འདུ་ཤེས་འཆང་དགོས་པ་ནི་དེ་ལས་ཀྱང་བསམ་མ་མྱོང་། བརྗོད་སྙིང་དང་སྒྱུ་རྩལ་གྱི་ཆ་ལ་བསམ་བློ་གཏོང་མ་མྱོང་བས“སྙན་ངག་མེ་ལོང་མའི”དོན་རྒྱན་ཙམ་ལ་ཨེ་འབྱོར་བལྟས་ནས། ཚིག་རྒྱན་སྨྲ་བའི་ཁོར་ཡུག་ལས་བརྒལ་མ་ཐུབ་པར་གསར་རྩོམ་ལ་ཞུགས་པའི་མྱོང་ཚོར་འདིར་ཕམ་ཁའི་རྨང་གཞི་ཙམ་ལས་གླེང་འོས་པ་མེད་པར་འདྲའོ།།
རྗེས་ནས“གྲོང་ཁྱེར་དུ་འགྲིམ་པའི་མྱོང་ཚོར་དང་པོ”ཞེས་པའི་སྙན་ཚིག་ཁག་ཅིག་སྤྱི་ལོ2006ལོའི་དགུན་དཀྱིལ་གྱི་དཀར་མཛེས་ཚགས་པར་དུ་བསྐུར་ལ། སྙན་ཚིག་དེ་ཚགས་པར་དུ་བཀོད་པ་ནི་ཁོ་བོའི་གསར་རྩོམ་ལ་ཞུགས་པའི་སྐས་རིམ་གཙོ་བོ་གཅིག་ཡིན། རྩོམ་སྒྲིག་པས་གཅོད་གཏུབ་གང་ཡང་མེད་པར་ཕྲན་གྱི་སྙན་རྩོམ་དེ་ཀློག་པ་པོ་དུ་མའི་མིག་སྔར་དུ་བཀྲམ་པ་ནི་གསར་རྩོམ་གྱི་སྐུལ་མ་དང་སྒུལ་ཤུགས་བཙན་པོ་ཞིག་རེད། དུས་དེ་ནས་རྩོམ་རིག་གསར་བའི་ཐ་གུར་ཧུར་གྱིས་དཔྱངས་ཏེ་རྩོམ་འབྲི་བ་དང་རྩོམ་སྒྲིག་ཁང་སོ་སོར་རྩོམ་ཡིག་བསྐུར་མྱོང་། 2007ལོར་གྲོགས་ཚེ་རྒྱམ་དང་མཉམ་དུ“རྟེན་འབྲེལ་གྱི་ཚེས་ཆུ”ཞེས་པའི་སྙན་དེབ་ཐོག་མ་བོད་རིག་པ་ཞིབ་འཇུག་ཁང་ནས་མི་ཡུལ་དུ་བཀྲམ་ཐུབ་སོང་། དེ་ལའང་བསམ་བློའི་རྒྱགས་ཕྱེའི་ཆ་དང་། བརྗོད་བྱའི་ནང་དོན་གྱི་ཟབས། རྗོད་སྟངས་རྩོམ་གཤིས་ཀྱི་སྡེབ་སོགས་མ་འདང་བ་མང་དུ་མཆིས་མོད། རྩོམ་ཡིག་སྤྱི་རིགས་ནས་དངོས་ཡོད་རིང་ལུགས་ཀྱི་ཕྱོགས་སུ་བསྐྱོད་ཅི་ནུས་དང་རྟོག་པ་འཆར་ཡན་གྱི་སྟངས་ཀ་ཉུང་ཙམ་མངོན་ཡོད་པས། རྩོམ་འབྲི་བ་ལས་དང་པོ་ཞིག་ལ་བགྲང་ཆོག་པའི་སྐས་རིམ་དེ་མིན་ནམ་སྙམ།
སྐབས་དེ་ཤེད་ཀྱི་རྩོམ་ཡིག་ཧྲིལ་བོར་ནང་བསྟན་རིག་གནས་ཀྱི་རྨང་བཏིང་བས་རྒྱུགས་ཆེ་བའི་གྲོང་སྐད་དམ་ཕལ་བའི་མིང་ཚིག་གིས་མ་འདང་བར་མ་ཟད། སྤྱི་ཚོགས་ལ་ཉམས་མྱོང་དང་རྒྱུས་ལོན་དམན་པས་བསམ་བློའི་ཟབས་ནི་ཧ་ཅང་དམའ། རྩོམ་ཡིག་གང་ཡང་སྤྱིར་བཏང་གི་སྐད་ཆ་ཙམ་དང་ལྷག་ཏུ་བསྐྱར་ཟློས་ཀྱི་དྲི་ངད་བཙན་པར་མ་ཟད། བསམ་བློ་རྒྱབ་ལྗོངས་ཀྱི་ཐད་ནས་ནར་མ་སོན་པའི་འཇིག་རྟེན་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ་བཅས་ཀྱིས་ཡོངས་སུ་གཏམས་ཏེ་འཛམ་གླིང་སྤྱི་ལ་ཕྱོགས་པ་དང་ལོ་རྒྱུས་ཡོངས་ལ་འཁོར་བའི་བློ་མིག་ཕྱེ་ཐུབ་མེད། དཔེར་ན་ཁྲོན་པའི་སྦལ་བ་ཅི་བཞིན་ལྟ་བ་གུ་ཡངས་དང་རིག་གནས་སྣ་མང་གི་ཕྱོགས་ལས་ལྡོག་ཅིང་། གདོད་མའི་བསམ་བློ་དང་བག་ཆགས་རྙིང་ཞེན་གྱིས་བྲང་ཁོག་གཡོགས་ནས་རྩོམ་རིག་ཅེས་པ“ཚིག་སྦྱོར་ཚིག་ལ་མཁས་པའི་ངག་གི་དཔལ”ཞེས་པའི་ཚིག་རྒྱན་ཙམ་དུ་འཁྲུལ་ནས་ཡོད་པ་སྔར་བཞིན་རེད། དཔྱད་བརྗོད་གང་ཡང་རྟགས་གསལ་གྱི་ལམ་ནས་ཚིག་རྩོད་གཏོང་བ་དང་སྤྱིར་ཡོངས་དང་ཆེ་ས་ཀུན་ལ་བློ་རིག་སྐོར་མི་ཐུབ་པར། མིག་མདུན་གྱི་སྣང་ཚུལ་རབ་རིབ་པོ་འབུར་དུ་བླངས་ཏེ། རང་ཉིད་ལ་རང་ཉིད་ཀྱིས་ར་སྐོར་བཟོས་ཏེ་ར་སྐོར་དེ་ལས་མི་འདའ་བའི་བསམ་བློ་དོག་པོས་སྤྱི་ཚོགས་ལ་འཇུག་ཁུལ་བྱས། དེང་སྐབས་བལྟས་ན་བཙན་གྱིས་བཙུར་བའི་རྩོམ་ཡིག་དེ་དག་ནི་གོང་འོག་སྒྲིག་ཁག་པ་དང་ནང་དོན་འཁྲོལ་དཀའ་བ་དག་ཏུ་ཆགས་འདུག་པར་མ་ཟད། ལྷག་ཏུ་དེའི་སྐབས་ཀྱི་རྩོམ་ཡིག་གང་ཡང་ཡར་རྒྱས་དང་ཐོད་བརྒལ་གྱི་ཆ་ཅི་ཡང་མེད་པར་སྔར་བཞིན་རང་སོར་གནས་འདུག དེའི་རྒྱུ་རྐྱེན་གཙོ་བོ་སྟེ་གསར་རྩོམ་གྱི་ལམ་བུར་ཞུགས་པའི་བཀག་རྡོ་ནི། ཤེས་བྱ་བསྡུ་ལེན་དང་། བསམ་བློ་བཅིངས་གྲོལ། ལྟ་བ་གུ་ཡངས། རིག་གནས་སྣ་མང་གི་ཕྱོགས་སུ་གོམ་པ་འགྱོག་མ་ཐུབ་པར། རང་ཁང་གྲུ་བཞིའི་ནམ་མཁའ་ལས་མི་ལྟ་བར་ཡིད་ཆེས་རྐྱང་བས་མགོ་བོ་འཐོམ་ཏེ་སྡོད་པ་དེ་རེད་སྙམ།
དེ་ལྟར་བསྐྱར་བཤུ་རིང་ལུགས་ཀྱི་འཕྲོ་བརྐྱངས་ཏེ་བཅད་ལྷུག་གང་རུང་གི་རྩོམ་ཡིག་མང་པོ་བྲིས་ཤིང་། རང་རློམ་དང་ང་རྒྱལ་གྱིས་བཀྱག་པའང་གཅིག་གཉིས་ཙམ་ག་ལ་ཡིན། ཡིན་ནའང་སྔར་བཞིན་འཕེལ་རྒྱས་དང་ཐོད་བརྒལ་མེད་པར་རང་སོར་གནས་ཏེ། རྩོམ་ཡིག་འབྲི་བར་ཉིན་བཞིན་ཇེ་དཀའ་དང་ཁུར་བོ་ཞིག་ཏུ་གྱུར་སོང་། དེ་ནི་གསར་རྩོམ་ལ་འཇུག་པར་བརྗོད་བྱ་འཚོ་བའི་སྣང་ཚུལ་དབང་ཤེས་ཀྱིས་ཚོར་ཞིང་འཛིན་པ་ལ། མཛེས་རྟོག་དམིགས་རྣམ་ཡིད་བཟོ་བྱེད་པ་དང་སྒྱུ་རྩལ་སྣང་བརྙན་གྱི་རྣམ་པ་གཏན་འཁེལ་བྱེད་པས་མ་འདང་བར། བྱང་རྒྱལ་དང་རང་སྣང་གང་ཤར་གྱི་བསམ་ཚུལ་རྒྱ་ཡན་ཏུ་ཤོར་བས་རེད་འདུག །
སྟབས་ལེགས་པར་རྩོམ་རིག་གཞུང་ལུགས་གནད་བསྡུས་དང་རྩོམ་འཇུག་རིག་གཞོན་དགའ་ཚལ་སོགས་རྩོམ་རིག་གཞུང་ལུགས་ཀྱི་དཔེ་དེབ་ཁག་ཅིག་ལག་སོན་བྱུང་བ་དང་། ཁྱད་པར་རྩོམ་རིག་དང་མི་ཞེས་པ་སོགས་རྩོམ་རིག་དཔྱད་བརྗོད་ཀྱི་དཔེ་ཆ་དག་ལ་གོ་ཚོད་ཐུབ་ཚོད་ཀྱིས་སློབ་སྦྱོང་བྱས་པར། རྩོམ་རིག་གི་སྣང་བརྙན་རང་བཞིན་དང་མཛེས་རྟོག་རང་བཞིན། ལྷག་ཏུ་རྩོམ་རིག་གི་མི་གཤིས་ཆགས་སྡང་གི་རང་བཞིན་ཏེ་མི་ནི་སེམས་དང་ལྡན་པ་ཞིག་དང་སེམས་ཀྱང་ཆགས་སྡང་གི་རང་བཞིན་ཅན་ཞིག་ཡིན་ཞིང་ཆགས་སྡང་ཡང་དབང་ཤེས་ཀྱི་ཚོར་བ་ལ་བརྟེན་ནས་ཕྱི་ནང་གི་རྐྱེན་སྣ་ཚོགས་ཀྱི་དབང་གིས་འགྱུར་ལྡོག་ཆེ་ཡང་། ཆགས་སྡང་ནི་སྒྱུ་རྩལ་སྣང་བརྙན་གྱི་ཚེ་སྲོག་གི་ཁྲག་རྒྱུན་ལྟ་བུར་རྟོགས་ནས། རྩོམ་ཡིག་གང་ཡང་སྔར་དང་མི་འདྲ་བར་དམིགས་བྱའི་གནད་འགག་མིའི་ཐད་དུ་འབབ་ཅིང་། མིའི་འཚོ་བ་དངོས་དང་མ་བྲལ་བར་ཆགས་སྡང་རང་བཞིན་གྱི་རྩ་གནད་འབུར་དུ་ལེན་ཅི་ཐུབ་ཀྱིས་རྩོམ་ཡིག་བརྒྱ་ལྷག་བྲིས་ཤིང་དེ་དག་ལས་གཅེས་བསྡུས་ཀྱིས“ན་གཞོན་སྙིང་སྟོབས”ཞེས་པ་ཁྲིན་ཏུའུ་བུདྡྷ་རིག་གནས་ཁང་གིས་པར་དུ་བསྐྲུན། སྐབས་དེར་བློ་ཡིད་ཚིམ་བཞིན་དཔེ་དེབ་སྒོར་ཐོན་དུས། རྩོམ་རིག་ལོ་རྒྱུས་སུ་བྱུང་བའི་དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས། དེ་མ་ཡིན་པའི་གནའ་དཔེ་རིང་ལུགས་དང་རང་བྱུང་རིང་ལུགས། དེང་རབས་རིང་ལུགས་སོགས་འཛམ་གླིང་གི་རྩོམ་རིག་ཁག་ལ་ལྟད་མོར་ཕྱིན་པ་ན། ཁོ་བོའི་ན་གཞོན་སྙིང་སྟོབས་ནི་སེམས་ཟིན་ཙམ་ལས་རྩོམ་རིག་གི་སྟེགས་བུར་སྡོད་པའི་ཐོབ་ཐང་མི་མངའ་ཞིང་། རྩོམ་པ་པོ་རང་གི་རང་གཤིས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྣང་བརྙན་བསྐྲུན་པ་ཙམ་ལས། ཀློག་མཁན་རྣམས་ཀྱི་ཡིད་དབང་འགུགས་ཤིང་ཆགས་སྡང་གི་སེམས་རྣམ་པར་བསླངས་ཏེ་རང་མོས་རང་རྟོགས་སུ་མཛེས་རྟོག་ལ་མངོན་པར་རོལ་དུ་འཇུག་པ་དང་། རྟོགས་པ་སད་པ། བློ་སྒོ་འབྱེད་པ་དང་བསླབ་བྱ་ཐོབ་པར་སྐུལ་མ་ཅི་ཡང་ཞུ་མ་ནུས་པར།  རྒྱབ་ལྗོངས་ཀྱི་ཐད་ནས་ཕལ་བའི་བསམ་བློ་ཙམ་ལས་མཛེས་རྟོག་སློབ་གསོའི་ནུས་པ་སྔོག་མ་ཐུབ་པའང་མང་དུ་མཆིས་སོ།།
དེ་ལྟར་རང་ཉིད་གསར་རྩོམ་ལ་ཞུགས་པའི་ལམ་བུ་དོག་པོར་ཕྱིར་འཁོར་ཞིག་བཏང་ན། འཇོན་པ་དང་ནུས་པ་གང་ཡང་མི་མངའ་བར་འཐུས་ཤོར་སྟོང་ཆ་རུ་གྱུར་བ་མང་འདུག་ནའང་། སྔར་བཞིན་མུ་མཐུད་དུ་གསར་རྩོམ་གྱི་ལམ་བུར་གོམ་པ་སྤོ་བཞིན། ཤེས་བྱ་རིག་གནས་གང་ཡང་ཁུར་དང་རྒྱལ་དུ་མ་བཞག་པར་རང་ཉིད་ཀྱི་འཁར་བ་དང་གཡོག་ཏུ་བཟུང་ནས། བརྗོད་བྱ་སྤྱི་ཚོགས་འཚོ་བའི་བདེན་དངོས་རང་བཞིན་སྒྱུ་རྩལ་གྱི་སྒོ་ནས་མངོན་པར་མཚོན་ཏེ། ཀློག་པ་པོ་རྣམས་ཀྱི་མི་ཚེའི་ལྟ་བ་དང་བསམ་པའི་སེམས་གཤིས། ད་དུང་ཀུན་སྤྱོད་ཀྱི་རྟོགས་པ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་པ་དང་། མི་རྣམས་ཀྱི་སྦྱངས་སྟོབས་ཀྱི་ཡོན་ཏན་གོང་དུ་སྤེལ་བ་དང་། ཡིད་སེམས་དག་སྦྱོང་བཅས་ཀྱི་སྤྱི་ཚོགས་འཚོ་བ་ལེགས་ལམ་དུ་འདྲེན་དགོས་པ་ནི་རྩོམ་རིག་གསར་རྩོམ་གྱི་ཕུགས་བསམ་གྱི་བསྙེག་གཞི་གཙོ་བོར་གྲུབ་ཅིང་། རང་ཉིད་གསར་རྩོམ་ལ་ཞུགས་པའི་མྱོང་ཚོར་གྱི་ངོས་ནས་བལྟས་ན་མ་འདང་བའི་ཆ་གཙོ་བོ་དེ་དེ་རེད་འདུག
ད་ནི་གནའ་བོའི་རོ་མའི་རྩོམ་རིག་གཞུང་ལུགས་པ་ཧོ་ར་སིས“སྙན་ངག་པའི་རེ་བ་ནི་གཞན་ལ་ཕན་འདོགས་པ་དང་སྤྲོ་སྣང་འཕེལ་བར་བྱས་པ་དང་། རྩོམ་བྲིས་ཏེ་གཞན་ལ་སྤྲོ་སྣང་སྦྱིན་ཞིང་འཚོ་བར་རོགས་སྐྱོར་དང་སྤྲོ་སྣང་གི་བསླབ་བྱ་གནང་སྟེ། ཀློག་མཁན་ལ་དགའ་སྤྲོའི་ངང་སློབ་སྟོན་བྱས་ན་མང་ཚོགས་ཀྱི་དགོས་འདོད་དང་ཡོངས་སུ་མཐུན་ནོ”ཞེས་བཤད་མྱོང་བའི་སྐད་ཆ་དེས་རྩོམ་ལྷེ་འདིའི་མཇུག་ཡོངས་སུ་བསྡུའོ།།
  • ལེ་ཚན་སྔོན་མ།:བོད་མི་ཉག་གི་ཡུལ་སྐད་ལ་དཔྱད་པ། 
  • ལེ་ཚན་རྗེས་མ།:རང་ལ་བལྟས་པ།༼གསར་རྩོམ་གྱི་མྱོང་ཚོར་དང་འབྲེལ་བའི་གཏམ།༽
  • དོ་སྣང་ཆེ་བའི་རྩོམ།