རྩིང་བ་དཀོན་བྷེའི་རང་མོས་སྙན་ངག་གི་དོན་གནད་ལ་རགས་ཙམ་ལྟ་བ།

འབོ་རའི་ཀླུ་འབུམ་བཀྲ་ཤིས།        2017-08-17

རྩིང་བ་དཀོན་བྷེའི་རང་མོས་སྙན་ངག་གི་དོན་གནད་ལ་རགས་ཙམ་ལྟ་བ།

ཕུག་རོན།

རྩིང་བ་དཀོན་བྷེ། ﹙ཀན་ལྷོ﹚

ངའི་དྲན་པའི་གཏིང་མཐའ་གང་རུང་ཞིག་ན།

ཁོས་ནམ་ཡང་།

སྲོག་གཅོད་ཀྱི་ལས་བསགས་ཡོད་པ་མི་དྲན།

 

ན་ནིང་།

ཁོས་ཕུག་རོན་ཞིག་གི་སྔ་ཕྱི་བསྐྱུར་ནས།

ཚེ་འདིའི་ཨ་མའི་ཆེད་དུ།

རྒྱལ་ཁམས་གཤོག་པས་འཇལ་འདོད་ཀྱི་ཚེ་སྲོག་ཅིག་གི་རྨི་ལམ་རྒུམ།

 

དེ་ནས་བཟུང་།

ཁོ་བོའི་མཚན་མོ་རེ་རེར།

ཁོ་བོའི་རྨི་ལམ་རེ་རེར།

ཨ་མར་གྱུར་མྱོང་བའི་ཕུག་རོན་ཞིག་རྨིས་ནས་ཡོད།

 

ནམ་མཁའ་བཏང་ཞིང་།

ས་གཞི་ཤོར་བའི།

ཕུག་རོན་དེ།

སྣང་བ་ཞིག་ལ་ད་དུང་འཚོ་བཞིན་ཡོད།

ཁོ་བོའི་འགྱོད་བཤག་གི་ཀློང་ན།

ཕུག་རོན་དེ།   ད་ལྟ།

ངས་ཨ་མ་ནང་ལྟར་གསོ་བཞིན་ཡོད་ཨང་།

 

 ★གསལ་བཤད།  ༢༠༡༦ལོའི་《གངས་དཀར་རི་བོ》དུས་དེབ་གཉིས་པའི་སྟེང་བཀོད།

【སྙན་ངག་འདི་རྩོམ་པ་པོས་ཧ་ཅང་གཏིང་ཟབ་ཞིང་གནས་ལུགས་ཀྱིས་ཕྱུག་པའི་ནང་བསྟན་ཆོས་ལུགས་ཀྱི་རིགས་པར་ཁུངས་བཅོལ་ནས་སེམས་ཅན་ཐམས་ཅད་རང་གི་ཨ་མར་མ་གྱུར་བ་གཅིག་ཀྱང་མེད་ལ། དེའི་རྒྱུ་མཚན་གྱིས་རང་གི་ཆེད་དུའམ་ཡང་ན་རང་ཉིད་ཀྱི་ཆེས་གཅེས་སུ་རུང་བ་ཞིག་གི་ཆེད་དུ་སེམས་ཅན་གཞན་གྱི་ཚེ་སྲོག་གིས་བདེ་སྐྱིད་བསྐྲུན་པ་དེ་མཐར་དེད་ནས་རང་གི་ཨ་མར་གནོད་པ་དང་འདྲ་བར་ཤུགས་ཀྱིས་བསྟན་ནས་ཚེ་སྲོག་འདྲ་མཉམ་དང་ཚེ་སྲོག་མཉམ་གནས་ཀྱི་ལྟ་བར་བསྟོད་བསྔགས་གནང་ཡོད་པ་ཞིག་ཏུ་མཐོང་། རྩོམ་པ་པོས་སྙན་ངག་འདི་བསྡོམས་པས་ཚན་པ་བཞིར་བགོས་ནས་རང་གིས་བརྗོད་འདོད་པའི་སེམས་མར་ཤེས་ཀྱི་ལྟ་བ་ཡང་དག་དེ་བརྗོད་དེ་མིའི་རིགས་ལ་ཚེ་སྲོག་གཅེས་སྤྲས་གནང་དགོས་པའི་གོ་སྐོན་སློབ་གསོ་བཏང་ཡོད་སྙམ་མོ།།                                            

ཚན་པ་དང་བོར། སེམས་ཅན་ཡིན་ན་འཚང་རྒྱ་རང་ཡིན་པས་སེམས་ཀྱི་ངོ་བོ་ འོད་གསལ་བ་ཡིན་པར་བསྟན་ལ། དེ་ཡང་ངའི་དྲན་པའི་གཏིང་མཐའ་ན་ཞེས་རྩོམ་པ་པོས་ཤེས་ཚོད་ཀྱི་ངོས་ནའམ་ཡང་ན་དོན་གྱི་གནས་ལུགས་ཀྱི་ངོས་ནས་བཤད་ན་རང་བཞིན་གྱིས་སྡིག་པ་སུས་ཀྱང་བསྒྲུབས་མེད་པར་བསྟན་ཡོད། སྟོན་ཚུལ་དེ་ཡང་ད་ལྟའི་རྩོམ་པ་པོར་ཁས་འཆེས་པ་དག་གིས་ཞག་གསུམ་ལོན་ཚེ་རང་གིས་མི་ཤེས་པ་ལྟ་བུའི་སྟོན་ཚུལ་ཡ་མ་བརླ་དེ་མ་ཡིན་པར་ཆུ་དྭངས་མོའི་ཁྲོད་ཀྱི་ཉ་མོ་ལྟར་ཐད་གར་དཀའ་བ་བརྒྱུད་མི་དགོས་པར་སྟོན་ཐུབ་ལ། དེ་ཡང་རྩོམ་ཧྲིལ་བོར་གོ་བ་བླངས་ཏེ་དཔྱད་ཚེ་དེ་འདྲའི་མཐོང་སླ་བའི་ཉ་མོ་དེ་བརྗོད་བྱ་ཧ་ཅང་ཟབ་ས་ཞིག་ཏུ་བསྐྱལ་འདུག

ཚན་པ་གཉིས་པར། རྩོམ་པ་པོས་ཕུག་རོག་ཞིག་གི་སྔ་ཕྱི་བསྐྱུར་ནས་སྔར་ཞེས་རང་གི་ཨ་མར་གྱུར་མྱོང་བ་དང་ཕྱིས་སུ་ཡང་ཨ་མར་འགྱུར་ངེས་ཀྱི་གནས་ལུགས་དེར་འདང་མ་བརྒྱབ་པར་བསྐྱུར་ནས་ད་ལྟའི་རང་གི་ཨ་མར་གྱུར་ཟིན་པ་དེའི་ཆེད་དུ་མ་འོངས་པར་ཨ་མར་འགྱུར་ངེས་ཀྱི་ཕུག་རོན་དེ་ད་ལྟའི་རང་གི་ཨ་མའི་དོད་དུ་བསྔོས་པར་བསྟན་པ་འདིས་ཨ་མར་གྱུར་ཟིན་པ་དང་འགྱུར་ངེས་ཀྱི་ཨ་མ་དེ་ད་ལྟའི་རང་གི་ཨ་མ་དང་མི་འདྲ་བར་བསྟན་ནས་སྤྱིར་སེམས་ཅན་ཐམས་ཅད་སྒོས་སུ་མིག་མཐོང་ལག་ཟིན་ཏུ་གྱུར་པའི་རང་གི་ཨ་མར་ཞབས་ཞུ་བཟང་བོར་བསྒྲུབ་དགོས་པར་བསྟན་འདུག       

ཚན་པ་གསུམ་པར།  སེམས་ཅན་གྱི་ཚེ་སྲོག་ལ་ཅི་ཡང་མི་སྙམ་པའི་ད་ལྟའི་ཀླ་ཀློ་དག་གི་སྤྱོད་ཚུལ་ངན་པ་དེར་དོན་གྱིས་དགག་ནས་རང་གི་བྱས་ཉེས་ལ་འགྱོད་པ་སྐྱེས་ཏེ་རྒྱུན་པར་སྔར་བྱས་ཀྱི་ལས་དེ་དྲན་དགོས་པར་བསྟན་ལ།  དྲན་པས་ཅི་ཕན་ཞེ་ན། སྔར་བྱས་དེ་དྲན་ན་ཕྱིས་སུ་ཉམ་ཆུང་གི་ཚེ་སྲོག་དེ་རྩིས་མེད་དུ་མི་གཏོང་བའི་ཕན་པ་ཆེ་ལ། ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་ཆགས་ན་སྣོད་བཅུད་དོ་མཉམ་ཡོང་ལ། སྣོད་བཅུད་དོ་མཉམ་ཡོང་ན་ཕན་ཚུན་གསོས་བདེ་བག་ཡངས་ཀྱི་འཚོ་བ་ལོངས་སུ་སྤྱད་དེ་མི་ཚེ་བདེ་སྐྱིད་ངང་གནས་ཐུབ་པའི་གནས་ལུགས་དེ་ཟབ་ས་ནས་བསྟན་འདུག

ཚན་པ་བཞི་བར། ནང་བསྟན་ཆོས་ལུགས་ཀྱི་བསམ་བློའི་ཟབ་སར་འཛུལ་ནས་རྒྱུ་ འབྲས་མན་ངག་བདུད་ཀྱི་སྒོ་ནས་སེམས་བསྐྱེད་དེ་ནམ་མཁའ་དང་མཉམ་པའི་རང་གི་ཨ་མར་གྱུར་པའི་སེམས་ཅད་ཐམས་ཅན་གྱི་ཆེད་དུ་རང་གི་ཡོད་ཚད་ཕུལ་དགོས་པར་བསྟན་ཡོད་པ་ཤུགས་ནས་མཐོང་།  

མདོར་ན། ཁོ་བོ་ནི་སྙན་ངག་བྲི་བར་དགའ་ཞིང་ལྷག་དོན་སྙན་ངག་བཀླག་པར་སྤྲོ་བ་ཤུགས་ཆེན་ཡོད་པ་ཞིག་ལགས་པས་ཐེངས་འདིར་བཀླགས་པའི་སྙན་ངག་འདི་འདྲ་སྔོན་ཆད་བཀླགས་མ་མྱོང་ལ་ཕྱིས་ཀྱང་བཀླག་དཀོན་པ་ཞིག་ཏུ་མི་འགྱུར་རམ་སྙམ་པའི་སེམས་ཁྲལ་དང་བཅས་རེ་ཞིག་མཇུག་བསྡུས་བ་ཡིན་ནོ།།

 

མི་ཚེ།

རྩིང་བ་དཀོན་བྷེ།༼ཀན་ལྷོ༽

 

མི་ཚེའི་ལམ་ཐག་རིང་མོ།

སུ་ཞིག་གིས་ཚོད་དཔག་བྱེད་ཐུབ།

ཁྱོད་བདག་དང་འགྲོགས་ནས་ལངས་ཐུབ་ཚེ།

ངའི་མི་ཚེ་འདི་ཅི་འདྲའི་བདེ་སྐྱིད་ལྡན་ཨང་།

 

མི་ཚེའི་བདེ་སྐྱིད་མཐར་ཐུག་ནི།

ཧ་ཅང་དགའ་བའི་དངོས་པོའི་སྟེང་ནས་ཆོག་ཤེས་རྙེད་རྒྱུ་དེ་ཡིན་ལ།

འཚོ་བ་ཡི་སྤྲོ་དགའི་གནས་མལ་ནི།

སྤྲོ་དགས་འཚོ་བ་ཡི་སྡུག་བསྔལ་ཉམས་སུ་མྱོང་རྒྱུ་དེ་ཡིན།

 

ཧ་ཅང་ཐུང་བའི་མི་ཚེ་ཡ།

ཧ་ཅང་རིང་བའི་མི་ཚེ་ནི།

འགྲུལ་བཞུད་ཀྱི་ལམ་ནས་གཞན་དོན་ཁོ་ན་བསྒྲུབ་རྒྱུ་དེ་ཡིན།

 

 

       སྙན་ངག་ཐུང་ངུ་༼མི་ཚེ༽ཞེས་པ་དེ་བསྡོམས་པའི་ཚིག་རྐང་བཅུ་གཅིག་གིས་གྲུབ་ཅིང་།  ཚན་པ་དང་བོ་རུ་ཕྱི་སྣོད་དང་ནང་བཅུད་ཀྱི་མཉམ་གནས་དང་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་མཉམ་གནས། མི་རིགས་དང་མི་རིགས་བར་གྱི་མཉམ་གནས། ཁྱིམ་ཚང་དང་ཁྱིམ་ཚང་བར་གྱི་མཉམ་གནས། ཐ་ན་བཟའ་ཚང་དང་བཟའ་ཚང་བར་གྱི་མཉམ་གནས་བཅས་ནི་མི་ཚེའི་བདེ་སྐྱིད་ཉག་གཅིག་ཏུ་ངོས་བཟུང་ཡོད་ལ་ཤུགས་ནས་དེ་ལྟར་མཉམ་གནས་ལ་མི་ཚང་མས་འབད་དགོས་པའང་ནན་གྱིས་བསྐུལ་ཡོད།

        ཚན་པ་གཉིས་པར་སྤྱིར་ཁམས་གསུམ་གྱི་འཁོར་བ་སྡུག་བསྔལ་དང་སྒོས་སུ་མི་དག་གི་མི་ཚེ་ཧྲིལ་བོའང་སྐྱེ་རྒ་ན་འཆི་དང་མི་འདོད་པ་ཐོག་ཏུ་བབས་པ་དང་འདོད་པ་བཙལ་ཀྱང་མི་རྙེད་པ་སོགས་སྡུག་བསྔལ་བརྒྱད་ཀྱིས་མནར་ཞིང་ལྷག་ཏུ་རང་ཉིད་གསོན་རྐྱེན་ཡང་འཆི་རྐྱེན་དུ་གྱུར་པས་སྙིང་བོ་མེད་པའི་མི་ཚེ་འདི་མཐར་དེད་ན་སྡུག་བསྔལ་འབའ་ཞིག་ཡིན་པར་བརྗོད་ཅིང། སྡུག་བསྔལ་དེ་ཡང་སྐྱོ་གདུང་གིས་རོལ་བ་ལས་དགའ་སྤྲོའི་ངང་རོལ་ན་བདེ་སྐྱིད་དང་གཞན་མི་ཚེའི་བདེ་སྐྱིད་དེ་རང་ཉིད་ཀྱིས་འདོར་མི་ཐུབ་ཞིང་དོར་ན་འགྱོད་པ་ཆེ་བའི་དངོས་པོ་སོགས་ཀྱི་སྟེང་ནས་ཆོག་ཤེས་རྙེད་རྒྱུ་བརྗོད་ནས། དེ་ལྟར་ཆོག་ཤེས་བསྒོམ་རྒྱུ་ནི་བདེ་སྐྱིད་ཀྱི་གཞི་མ་ཡིན་པར་བརྗོད་ཡོད།

       ཚན་པ་གསུམ་པར་སྙན་ངག་པས་མི་ཚེའི་རིང་ཐུང་ཟེར་བ་དེ་ཡང་མི་ཚེའི་ལོ་ཡི་རིང་ཐུང་ལ་མི་བརྗོད་པར་འཇིག་རྟེན་ལ་ལག་རྗེས་ཡོད་མེད་ཀྱིས་ལོ་ཡི་རིང་ཐུང་བརྗོད་ཡོད་ལ། བརྗོད་ཚུལ་འདི་ཡང་ཁྱད་པར་བ་ཞིག་ཡིན་ཏེ། དཔེར་ན་རང་ཁོ་ནའི་དོན་དུ་འབད་དེ་ལོ་བརྒྱ་འཚོ་ནའང་མི་ཚེ་ཐུང་བ་དང་རང་ལས་གཞན་གྱི་དོན་དུ་བྱ་བ་ཤ་ཐང་གིས་བསྒྲུབས་ན་ལོ་ཉི་ཤུ་ལས་མ་འཚོ་ནའང་མི་དེའི་མི་ཚེ་རིང་བོར་བརྗོད་ཡོད་པས། མདོར་ན་སྙན་ངག་ཐུང་ངུ་འདི་ཀློག་གིན་ཀློག་གིན་འདིའི་དོན་གྱིས་བསྟན་པ་མཐའ་ཡས་པའི་ནམ་མཁའ་ཞིག་དང་གཏིང་ཟབ་པའི་རྒྱ་མཚོ་ཞིག་རོལ་བ་དང་ཀུན་ནས་མཚུངས་པས། དེང་གི་སྐད་ཆ་ལྟར་བརྗོད་ན་སྙན་ངག་འདིའི་རིགས་ལ་མཚན་ཉིད་གཤིས་ལུགས་སྟོན་པའི་སྙན་ངག་ཏུ་བོས་ན་འོས་སོ་སྙམ།།

 གོ་ལའི་སྟེང་གི་སྐར་མ།

 བོད་སྐད་བཤད། དཀར་མཛེས།

 གོ་ལའི་སྟེང་གི་སྐར་མ་ཞེས་པའི་གློག་བརྙན་འདི་ནི་རྒྱ་སྐད་དུ་自闭症འབོད་པ་དང་བོད་སྐད་དུ་རང་སྡོམ་ནད་དམ་སེམས་གཅོང་ནད་ཡོད་མཁན་གྱི་བྱིས་པ་དག་ལ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་ཞིག་དང་། དེ་དག་ལ་ལམ་སྟོན་གྱི་ཚུལ་དུ་མངོན་པའི་སློབ་གསོ་གློག་བརྙན་ཞིག་རེད།   གློག་བརྙན་འདིས་མགོ་མཇུག་བར་གསུམ་དུ་རང་སྡོམ་ནད་ཀྱི་བྱིས་པ་ཞིག་ལ་རི་མོ་དགེ་རྒན་ཞིག་གིས་ཡུམ་སེམས་ཀྱིས་ཡི་གེ་བསླབ་པ་དང་དགའ་ཕྱོགས་མཐོན་པོར་འདེགས་པ་དང་བསྟུན་ནས།  ཕྱོགས་ཞེན་གྱི་སེམས་པ་དང་ཡུན་ཐུང་གི་སེམས་པ།  རྒྱུས་མེད་ཀྱི་སེམས་པ་སོགས་ལ་ངོ་དང་ངོ་གཏུག་སྟེ་ཚ་དགག་བྱས་པ་ཞིག་རེད།

 དེས་ན་གོ་ལའི་སྟེང་གི་སྐར་མ་ཞེས་པའི་གློག་བརྙན་འདིའི་ནང་དོན་ངོ་སྤྲོད་མདོར་བསྡུས་ཤིག་གླེང་ན། མི་སྣ་གཙོ་བོ་དབྱི་ཤྰ་ནི་ལོ་དགུ་ཅན་གྱི་བྱིས་པ་ཞིག་རེད།ཁོ་རང་སློབ་གྲྭ་ནས་སྦྱངས་འབྲས་ཞན་ཞིང་ཁྱིམ་མཚེས་ཀྱི་བྱིས་པ་ཚོར་རྒྱུན་དུ་རྡུང་རེས་རྒྱག ཉིན་ཞིག་དབྱི་ཤྰ་ལ་སློབ་གྲྭ་ནས་སྤྲད་པའི་རྒྱུགས་ཤོག་དེ་ཕ་མར་མ་སྟེར་ཅིང་ཕྱི་ཉིན་སློབ་བྱོལ་བྱས་ཤིང་ཕུ་བོར་དགོངས་ཞུ་ཡི་གེ་རྫུན་འབྲི་བྱེད་དུ་བཅུག་སྟེ་དགེ་རྒན་ལ་སྤྲད།  དེ་ནས་ཕྱིར་ཁྱིམ་དུ་ལོག་ནས་ཨ་ཕའི་འགྲམ་དུ་རྩེད་མོ་རྩེ་དུས་དགོངས་ཞུ་ཡི་གེ་བྲིས་པའི་ཤོག་ཐུམ་དེ་གཟབ་མ་བྱས་པས་ཨ་ཕའི་རྐང་འགྲམ་དུ་ལྷུང་།  ཁོས་ཅིའང་མ་གོ་བར་ལས་བྱ་འབྲི་བཞིན་ཡོད་དུས་ཨ་ཕས་རང་གི་རྐང་འགྲམ་དུ་ལྷུང་བའི་ཡིག་ཤོག་དེ་མཐོང་སྟེ་བལྟས་པས།  ཤོག་ཐུམ་དེ་ནི་དགོངས་ཞུ་ཡི་གེ་ཞིག་ཡིན་ཞིང་ཁོས་ལྕམ་མོ་ལ་དབྱི་ཤྰ་ན་མིན་གྱི་སྐད་ཆ་དྲིས་པ་དང་བསྟུན་ནས་རྫུན་གཏམ་གྱི་རྔ་མ་བུད། 

 དེའི་རྒྱུ་མཚན་གྱིས་ཕ་མ་གཉིས་སློབ་གྲྭར་སོང་ནས་དགེ་རྒན་རྣམ་པར་ཞུས་ཏེ་རང་སྐྱོན་ངོས་ལེན་བྱས་མོད།  ཁྲིད་གཉེར་དགེ་རྒན་ཚོས་གུ་ཡངས་བྱས་པ་ཕར་ཞོག་སྡུག་གཏམ་དང་དབྱི་ཤྰའི་སྦྱངས་འབྲས་མི་ལེགས་ཤིང་སྤྱོད་པ་རྩུབ་པའི་གཏམ་ངན་སྒྱེ་མོ་གང་ལབ་མཐར།  ཁྱིམ་པ་ཚོར་མངོན་དང་ཤུགས་ཀྱིས་གནོན་ཤུགས་གང་རུང་སྤྲད་པའི་འོག་ནས་དབྱི་ཤྰ་སློབ་གྲྭ་དེ་ནས་ཕྱི་རུ་འཐེན།

 དབྱི་ཤྰའི་ཕ་མ་གཉིས་ཀྱིས་ནང་གྲོས་བྱས་ཏེ་ཁོ་རང་བཅའ་སྡོད་སློབ་གྲྭ་ཞིག་ཏུ་སྐྱེལ་རྒྱུ་བྱས། རེད་དེ་དབྱི་ཤྰས་དོན་དག་དེ་ཤེས་མཐར་མིག་ཟུང་ལས་མིག་ཆུ་འཕོ་ཞོར་ཕ་མ་གཉིས་ལ་ཁོ་རང་བཅའ་སྡོད་སློབ་གྲྭ་རུ་མ་སྐྱེལ་རོགས།  རྗེས་ཕྱོགས་སློབ་སྦྱོང་ལ་འབད་འབུངས་བྱེད་ངེས་ཤིང་བྲ་ཆལ་གྱི་བྱ་ངན་གང་ཡང་མི་སྒྲུབ་ཅེས་ཁས་ལེན་དམ་བཅའ་བྱས་མོད།  ཕ་མ་གཉིས་ཀྱིས་ན་ཟུག་ཁོག་ཏུ་སྦས་ཏེ་ཁོ་རང་བཅའ་སྡོད་སློབ་གྲྭ་ཞིག་ཏུ་བསྐྱལ།

དེ་ནས་བཟུང་དབྱི་ཤྰའི་སློབ་སྦྱོང་གི་མོས་པ་ཕར་ཞོག ཐ་ན་རང་ཉིད་ཆེས་སྤྲོ་སའི་རི་མོ་ལ་ཡང་མོས་པ་ཉམས་ཏེ་རྒྱུན་དུ་སྐད་ཆ་མེད་པའི་བྱིས་པ་སེམས་ནད་ཅན་ཞིག་ཏུ་གྱུར། དབྱི་ཤྰའི་རྣམ་འགྱུར་དེས་དགེ་རྒན་དག་ལ་ཞེན་ཁ་བསླངས་ཤིང་ལས་བྱ་འབྲི་དེབ་དག་ཏུ་ནོར་རྟགས་ཆེན་པོ་རེ་བརྒྱབ་རྗེས།  འཛིན་གྲྭའི་སློབ་མ་ཀུན་གྱི་སྔུན་ནས་དམའ་འབེབས་དང་ཟུར་ཟ་ཅི་ཐུབ་བྱས།

ཉིན་ཞིག་རི་མོའི་ཚབ་ཁྲིད་དགེ་རྒན་ཞིག་ཐོན་ནས་དབྱི་ཤྰའི་རྒྱུན་ལྡན་མ་ཡིན་པའི་ལྷིང་འཇགས་དང་མིག་ཟུང་ལས་མཆེད་པའི་སྐྱོབ་བརྡའམ་བྲོས་བྱོལ་ལས་བྱིས་པ་དེར་སེམས་སྡུག་ཅིག་ཡོད་པ་ཤེས།  ཁོས་དབྱི་ཤྰའི་ལས་བྱ་དག་ལ་བལྟས་ཤིང་དབྱི་ཤྰའི་ཁྱིམ་པར་བཅར་འདྲི་བྱས།  མཐར་ཁོས་དབྱི་ཤྰ་ལ་ཡོད་པའི་གནད་འགག་སྟེ།  ཡི་གེ་ངོས་འཛིན་གྱི་རིགས་ལམ་ལ་སྐྱོན་ཡོད་པའམ་ཡིག་གཟུགས་ངོས་ཟིན་དཀའ་བའི་རྒྱུ་མཚན་གྱིས་ཁོའི་སྦྱངས་འབྲས་མི་ལེགས་པ་རེད་མ་གཏོགས།  ཁོས་སློབ་སྦྱོང་ལ་མི་འབད་ཅིང་ཚད་བཙུགས་ཏེ་སློབ་བྱོལ་བྱས་པ་མ་རེད།  དབྱི་ཤྰ་ལ་མཚོན་ན། ཁོས་མི་ཤེས་ཟེར་བ་ལས་སྦྱངས་མི་འདོད་སྨྲས་ན་རང་བཀུར་ལ་རྨས་སྐྱོན་ཆུང་བས་དེ་ལྟ་བུའི་ལམ་བུ་ཞིག་བདམས་ནས་ཡོད་པ་ཡིན་པའི་གནས་ཚུལ་སོགས་ཁྱིམ་པར་བཤད་པས།  ཕ་མ་གཉིས་ཀྱིས་རང་གི་བྱ་སྤྱོད་ལ་འགྱོད་པ་སྐྱེས་ཤིང་སེམས་སྡུག་འཛད་མེད་ཅིག་བྱུང་།

  ཚབ་ཁྲིད་དགེ་རྒན་གྱིས་དབྱི་ཤྰའི་དཀའ་ལས་དང་གཏད་དེ་ཐབས་ཤེས་འདྲ་མིན་སྣ་ཚོགས་སྤྱད་ནས་ཁོ་ལ་ཡི་གེ་ངོས་འཛིན་དུ་བཅུག དགེ་རྒན་གྱི་རྒྱུན་འཁྱོངས་དང་གནད་ལ་ཕོག་པའི་ཐབས་ཤེས་ལ་བརྟེན་ནས་དབྱི་ཤྰས་རིམ་བཞིན་འདོན་ཀློག་ལ་བྱང་ཆ་ཐོན། མཐར་ཚབ་ཁྲིད་དགེ་རྒན་གྱིས་དབྱི་ཤྰའི་བོར་ཟིན་པའི་དགའ་ཕྱོགས་ཕྱིར་རྙེད་ཆེད་དང་ཤི་ཟིན་པའི་ཡིད་རྟོན་སླར་གསོས་བྱེད་ཆེད། སློབ་གྲྭའི་དགེ་སློབ་ཡོངས་ཞུགས་ཆོག་པའི་རི་མོ་འགྲན་བསྡུར་ཞིག་སྤེལ། འགྲན་བསྡུར་དེའི་ནང་ནས་དབྱི་ཤྰས་བྱིས་པ་ཞིག་གིས་ཉི་ཟེར་ལ་རེ་སྒུག་བྱེད་པའི་ཚོན་ལྡན་རི་མོ་ཞིག་བྲིས་ཏེ་སློབ་གྲྭ་ཡོངས་ལས་ཨང་དང་པོ་ཐོབ། དེ་ནས་བཟུང་བྱིས་པ་དེའི་སྦྱངས་འབྲས་ཇེ་དགར་སོང་ཞིང་དགེ་རྒན་ཡོངས་ཀྱིས་གཟེངས་བསྟོད་གནང་། ༼ སྤྱིར་གློག་བརྙན་དེའི་ཚོར་བ་ཅི་བཞིན་འདིར་རྒྱས་འབྲི་བྱེད་ཐུབ་བྲལ་མོད། ནང་དོན་གྱི་སྤྱི་ཁོག་ཅིག་འདིར་མ་བཀྲམས་ན་དཔྱད་གཏམ་འབྲི་བ་སྟོང་འཕེན་དུ་འགྲོ་ཤས་ཆེ་བས། དེ་ལས་ནང་དོན་རགས་ཙམ་བྲིས་པ་ཡིན།༽

ང་ཚོས་སེམས་ལྷོད་དུ་བཞག་སྟེ་གློག་བརྙན་འདི་ལ་ཞིབ་ལྟ་ཞིག་བྱས་ན། མི་སྣ་གཙོ་བོ་དབྱི་ཤྰ་ནི་དང་པོ་ནས་སེམས་གཅོང་ནད་པ་ཞིག་མ་རེད། ཁོའི་རང་བཀུར་གྱི་བསམ་བློ་གཉོམ་པོ་རིམ་བཞིན་ནུབ་ནས་མཐར་ཁེར་རྐྱང་གི་འཇིག་རྟེན་ཞིག་ནས་རང་གཤིས་ནང་དུ་སྡོམ་དོན་ནི། གཅིག སློབ་གྲྭ་ནས་དགེ་རྒན་དང་སློབ་གྲོགས་ཡོངས་ཀྱིས་འཕྱ་སྨོད་བྱས། གཉིས། ཁྱིམ་ནས་ཕ་མ་གཉིས་ཀྱིས་ཁོའི་བྲ་ཆལ་གྱི་བྱ་སྤྱོད་དང་སྦྱངས་འབྲས་ངན་པའི་ནུས་པ་ལ་དམིགས་ཏེ་བཀའ་བཀྱོན་བྱས། གསུམ་པ།ཕ་མ་གཉིས་ཀྱིས་བུ་ཕྲུག་དེ་མཁོ་མེད་ཅིག་ལྟར་བཅའ་སྡོད་སློབ་གྲྭ་རུ་བསྐྱལ་ནས་སྣང་མེད་དུ་བཞག་པའི་རྐྱེན་གྱིས་ཁོ་རང་མཇུག་མཐར་ནད་པ་ཞིག་གམ་རྒྱུན་ལྡན་མིན་པའི་བྱིས་པ་ཞིག་ཏུ་བསྒྱུར་བ་རེད།

 དོན་དག་འདི་ནི་མིའི་རིགས་ཀྱི་སྤྱི་ཚོགས་འདིའི་གྲུ་ཟུར་སོ་སོ་ན་ཤིན་ཏུ་མོད་པོ་ཡོད། དཔེར་ན། ཐག་ཉེ་ས་ནས་བལྟས་ན། ང་ཚོ་བོད་ཀྱི་བྱིས་པ་མང་པོ་ཞིག་འདི་ལྟར་ཕ་མ་དང་དགེ་རྒན་མཉམ་རུབ་ཀྱིས་དམར་གསོད་བྱེད་ཀྱིན་ཡོད། བྱ་ངན་འདི་ནི་དུས་ཚོད་ཅིག་གི་ནང་བྱིས་པ་བརྒྱ་ལྷག་དམར་གསོད་བྱས་པ་ལས་ཀྱང་ཚབས་ཆེན་རེད། ང་ཚོ་ཀུན་ལ་ཡོད་པའི་ནད་ངན་ཞིག་ནི་རང་མཐོ་དང་ཡུན་ཐུང་གི་བསམ་བློ་དེ་ཡིན། རྒྱུན་པར་བྱིས་པའི་སེམས་ཁམས་དང་སྐྱིད་སྡུག་ལ་ཁ་ཡ་མི་བྱེད་ཅིང་རང་ཉིད་མཐོ་ས་ཞིག་ཏུ་འཛེགས་ཏེ།  བྱིས་པའི་ནོར་འཁྲུལ་ལ་མཛུ་གུ་བཙུགས་ཤིང་བྱིས་པའི་མི་གཞི་ལ་དབྱུག་པ་གཞུ།

 དེ་ལས་ཀྱང་གུ་ཡངས་བྱེད་ཐབས་བྲལ་བ་ནི། བྱིས་པ་འདི་ཡི་སྐྱོན་ཆ་ལ་བྱིས་པ་གཞན་ཞིག་གི་ཡོན་ཏན་གྱིས་ཚད་འཇལ་བྱེད་ཅིང་།བྱིས་པ་འདི་ཡི་ཡར་ཐོན་ལ་བྱིས་པ་གཞན་ཞིག་གི་རིག་པ་ཡིས་དཔྱད་བརྗོད་བྱེད།

  ངས་བསམས་ན་དབྱི་ཤྰ་ནི་བྱིས་པ་ལས་ངན་ནང་གི་ལས་བཟང་ཞིག་རེད། ཁོ་རང་ཆེས་དགའ་འོས་པ་ཞིག་ནི། ཚབ་ཁྲིད་དགེ་རྒན་ནུས་ཁི་དང་འཕྲད་ཅིང་ཁོའི་རོགས་སྐྱོར་ཐོབ་པ་དེ་རེད། སློབ་གྲྭའི་དགེ་རྒན་ཡོངས་ཀྱིས་དབྱི་ཤྰ་གད་སྙིགས་སུ་དོར་ནས་རྡོག་བརྫི་བྱེད་ཀྱིན་ཡོད་དུས། ནུས་ཁི་ཡིས་དབྱི་ཤྰའི་རིན་ཐང་ཤེས་ནས་ནོར་བུར་བརྩིས། སློབ་གྲྭའི་དགེ་རྒན་ཡོངས་ཀྱིས་ནུས་ཤྰ་གསོད་པར་བརྩམས་ཤིང་རྩྭ་ལས་ཀྱང་ཕྲ་བའི་ཚེ་སྲོག་གཉོམ་པོ་རླུང་ཁ་རུ་སྦུར་དུས། ནུས་ཁི་ཡིས་ལག་ཟུང་དྲོན་མོས་ཁོད་དུ་དྲིལ་ཞིང་སྦྲང་ཆར་བསིལ་མ་རིན་མེད་དུ་གནང་།

 དགེ་རྒན་ནུས་ཁི་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་ནི་ད་ལྟའི་སྤྱི་ཚོགས་འདིར་ཤིན་ཏུ་དཀོན། ད་ལྟའི་བོད་ཀྱི་སློབ་གསོའི་སྡེ་ཁག་ལ་བྱིངས་ཆེ་བ་ནི་དགེ་རྒན་ནི་ཕྱོགས་ཞེན་ཅན་དང་རྒྱུགས་སྐར་ལ་དུང་ཞེན་ཆེ་བ་དག་ཡིན་སྲིད། དེ་ལས་ཀྱང་སེམས་སྡུག་དགོས་པ་ནི། དབྱི་ཤྰ་ལྟ་བུའི་སློབ་མ་ནི་འཛིན་གྲྭ་རེ་ལ་གཉིས་གསུམ་ལས་ཀྱང་མང་བ་འབྱུང་གིན་ཡོད་ངེས།

 བྱིས་པ་ལ་གཅར་རྡུང་བྱེད་པ་ནི་མི་ལེགས་མོད། ང་ཚོས་ནམ་ཡང་གུ་ཡངས་བྱེད་མི་ཐུབ་པ་ནི་བྱིས་པ་དག་གི་རྒྱུགས་སྐར་མཐོ་དམན་དང་ནུས་པ་ཆེ་ཆུང་།སྤྱང་གྲུང་ལྡན་མིན། ཤེས་ཡོན་ཆེ་མིན་སོགས་ལ་བརྟེན་ནས་དེ་ཡི་ཐོབ་ཐང་བསྐྱར་སྒྲིག་བྱེད་པའི་བྱ་ངན་དག་ཡིན་དགོས། སློབ་གྲྭ་ནི་བྱིས་པ་ཡོངས་འགྲོ་འདོད་སའི་དགའ་ཚལ་ཞིག་ཡིན་དགོས་པ་ལས། བྱིས་པས་མིག་བཙུམ་ཡང་དགེ་རྒན་གྱི་ཁྲོ་གཉེར་དེ་དག་ཡལ་བ་མེད་པར་ཀླད་སེམས་ལ་བཙན་འཛུལ་བྱས་ནས་ནག་ཚོགས་པ་ཞིག་གི་གདུག་རྩུབ་ལས་ཀྱང་ཤུགས་རྐྱེན་ཆེ་ན་ག་ལ་འགྲིག

 གལ་ཏེ་དགེ་རྒན་ནུས་ཁིའི་རོགས་སྐྱོར་མེད་ན་དབྱི་ཤྰའི་མི་ཚེ་ནི་ཅི་འདྲའི་འཇིགས་སྐྲག་གིས་ལྷད་པའི་དམྱལ་བ་ཞིག་དང་མཚུངས་ཨང་། གལ་ཏེ་དགེ་རྒན་ནུས་ཁི་ཡིས་འཛམ་གླིང་གི་མཁས་པ་དང་འཇོན་མི་མང་པོའི་གྲས་ནའང་ཆུང་དུས་ཡིག་གཟུགས་ངོས་མི་ཟིན་པའི་དཀའ་གནད་ཡོད་མཁན་ཡང་ཤིན་ཏུ་མང་བའི་དཔེ་སྣ་མ་དྲངས་ན། སྤྱིར་བཏང་ཁྱོད་ཀྱིས་སློབ་སྦྱོང་ལ་འབད་པ་དགོས་ཨང་ཞེས་ཁ་ཐོག་གི་གཡང་འབོད་བྱས་པ་ཙམ་གྱིས། ཁེར་རྐྱང་དུ་ལྷག་པའི་རྣམ་ཤེས་གཉོམ་པོ་དེ་ལ་གསོན་ཤུགས་འབར་ནས་ཉི་འོད་འོག་ཏུ་རྒྱུ་ག་ལ་ཐུབ།

 གློག་བརྙན་འདིའི་ནང་ཨ་མིར་ཧྭན་གྱིས་མི་རྣམས་ལ་བཤད་འདོད་པ་ནི། བྱིས་པ་ལ་གཅེས་སྐྱོང་དགོས་པ་ཙམ་གྱི་ར་བ་ལས་བརྒལ་ནས་དེ་ཚོའི་སེམས་ངལ་དང་གནད་དོན་ལ་ཚུགས་ཐུབ་ཀྱི་དབྱེ་ཞིབ་བརྒྱུད་དེ་དོན་ཐོན་གྱི་ཐག་གཅོད་བྱ་རྒྱུ་དེ་རེད། ང་ཚོའི་སློབ་གསོའི་མ་ལག་གམ་སློབ་གྲྭའི་སློབ་གསོ་ལ་ཡོན་ཏན་ཡོད་ལ་སྐྱོན་ཆ་ཡང་མང་ཙམ་ཡོད། དགེ་རྒན་སོ་སོ་ལ་སློབ་ཁྲིད་ཀྱི་ཐབས་ལམ་སྣ་ཚོགས་ཡོད་མོད། ཁོར་ཡུག་གཅིག་གི་འོག་ནས་ཡུན་རིང་ལ་བསྡད་ཡོང་དུས། སྲོག་ཆགས་ཀྱི་རྩ་བའི་རང་གཤིས་ཏེ་རང་ཉིད་ཀྱི་འདུག་ས་རྩོད་པ་དང་སྟོང་འཁྲུལ་གྱིས་ཟིན་པའི་མིང་གྲགས་སམ་མཚན་སྙན་རྩོད་པ་རེད། རྒྱུ་མཚན་དེའི་རྐྱེན་གྱིས་སློབ་གྲྭ་ནས་ཐོབ་ཐང་རྩོད་ལུགས་ནི་རྒྱུགས་འབྲས་ཡིན། རྒྱུགས་འབྲས་མཐོ་ན་ཐོབ་ཐང་གོང་དུ་སྤོར་བའི་གོ་སྐབས་ཡོད་ལ། རྒྱུགས་འབྲས་མཐོ་ན་གཞན་གྱི་བརྩི་བཀུར་ཐོབ་པའི་རྒྱལ་ཁ་ཡོད། ལོས་ཡིན་ཏེ། རྒྱུགས་འབྲས་དམའ་ན་མི་གཞི་གླེང་ས་མེད་ལ། ཐོབ་ཐང་འཇོག་ས་དེ་བས་ཀྱང་མེད།

འདི་ནི་སློབ་གྲྭའི་ནང་རིམ་བཞིན་དར་ཁྱབ་ཏུ་སོང་བའི་ནོར་འཁྲུལ་གྱི་རིན་ཐང་གི་ལྟ་བ་འབྱུང་རྐྱེན་ཡིན་པས།  དགེ་སློབ་ཤུགས་ཆེ་བའི་ལྟ་བ་འདི་ལྟར་གུ་དོག་གིས་བདེན་པར་བསྒྱུར་ནས་བྱིས་པ་མང་པོ་ཞིག་གི་མི་ཚེ་གོལ་ལམ་དུ་ཁྲིད་ཀྱིན་ཡོད་པ་རེད་ཨང་།

  གློག་བརྙན་འདིའི་ནང་གི་བརྙན་མིག་གིས་ཆེད་དུ་ཞིབ་པར་བཏང་བའི་གནས་འགའ་ཤས་ལས་ཆེས་སེམས་སུ་ངལ་དུབ་དང་མིག་ཆུ་འཐོར་བའི་དོན་དག་དེ་ཚོ་ནི་ཅི་འདྲའི་རྒྱུས་ཆ་ཆེ་བ་ཞིག་རེད། དཔེར་ན། དབྱི་ཤྰ་ཐུན་ཐོག་ནས་སློབ་ཁང་གི་སྒོ་རྩ་རུ་ཕུད་དེ་སློབ་མ་གཞན་གྱིས་འཕྱ་སྨོད་བྱས་པ་དང་། རྗེས་མ་བཅའ་སྡོད་སློབ་གྲྭ་རུ་ཞུགས་དུས་སློབ་ཁང་གི་སྒོ་རྩ་རུ་པུས་མོ་བཙུགས་ཏེ་སྡོད་དུ་འཇུག་པའི་སྐབས་ཀྱི་མིག་ནང་གི་འཇིགས་སྐྲག་དང་རེ་འབོད་ནི་ང་ཚོའི་བོད་ཡུལ་གྱི་སློབ་ཁང་དག་གི་སྒོ་རྩ་ན་འགྲེང་བའི་བྱིས་པ་དེ་དག་གི་གནས་བབ་དང་མཚུངས་ཆོས་ཅི་བཞིན་དགོད་ཐུབ་པ་ཞིག་མེད་རེད་དམ།

   གློག་བརྙན་འདིའི་མཇུག་རྫོགས་ལ་ཉེ་བ་དང་རྫོགས་པའི་སྐབས་ཀྱི་སེམས་སུ་དྲོད་ཁོལ་ལྡན་པ་ཞིག་ནི་དབྱི་ཤྰས་མིག་ཆུ་གཏོང་ཞོར་དགེ་རྒན་ནུས་ཁི་ལ་འཐམ་པ་དང་དབྱི་ཤྰ་དགོད་ཞོར་བརྒྱུགས་ཏེ་དགེ་རྒན་ནུས་ཁི་ལ་འཐམ་པ་གཉིས་རེད། དེ་ལས་དང་པོ་ནི་ཚེ་སྲོག་ཅིག་ཡང་བསྐྱར་གསོན་ནས་དེའི་གཟི་ཤུགས་འབར་ལ་ཉེ་བའི་སྔོན་ལྟས་ཤིག་རེད་ལ། གཉིས་པ་ནི་ཚེ་སྲོག་ཅིག་ལ་གསོན་ཤུགས་ཡོངས་སུ་རྒྱས་ཏེ་དགོད་སྒྲའི་རེ་བ་འཕྱུར་བའི་སྟངས་སྟབས་ཤིག་ཅིས་མ་ཡིན།།


  • ལེ་ཚན་སྔོན་མ།:སྒྲུང་གཏམ་གྱི་དབྱེ་བ་གླེང་བའི་གཏམ།
  • ལེ་ཚན་རྗེས་མ།:《བྱི་ལའི་གཏམ་རྒྱུད》ཅེས་པའི་བརྩམས་སྒྲུང་བཀླགས་རྗེས།
  • དོ་སྣང་ཆེ་བའི་རྩོམ།