བརྗོད་དོན་གྱི་བསླུ་བྲིད་དང་ཡིག་འབྲུའི་ཞུན་བརྡར།

མ་བྱན།        2020-05-09

འགྱུར་དེབ《བུད་མེད་རྒྱུས་མེད་ཅིག་གིས་སྤྲིངས་བའི་འཕྲིན་ཡིག》བཀླགས་རྗེས།


     དེང་གི་ཆར། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ནས་འགྱུར་དེབ་ཡག་མིན་ཅི་རིགས་ཆར་རྗེས་ཀྱི་ཤྭ་མོ་བརྡོལ་བ་བཞིན་ཀློག་པ་པོའི་སྤྱན་སྔར་ཤེད་ཀྱིས་འཚང་བྱུང་བས། ཀློག་པ་པོ་མང་དག་ཅིག་ལ་འགྱུར་དེབ་ཁག་གཅིག་བཀླག་འདོད་ཀྱི་ཡི་ག་འགགས་པར་བྱས་ཡོད། འགྱུར་དེབ་དེ་དག་ནི་མ་ཡིག་གི་བརྗོད་དོན་དང་འགལ་བ། བོད་སྐད་ཀྱི་བརྡ་སྤྲོད་དང་མི་མཐུན་པ། བརྗོད་བྱ་རྗོད་བྱེད་གང་ལ་གཞིགས་ཀྱང་བཀླག་པ་ལས་མ་བཀླག་ན་དགའ་བའི་ཚོད་དུ་གདའ། ཡིན་ནའང་། གཅན་མེ་ཏོག་ལགས་ཀྱིས་བསྒྱུར་བའི་འཛམ་གླིང་གི་བརྩམས་ཆོས་གྲགས་ཅན《བུད་མེད་རྒྱུས་མེད་ཅིག་གིས་སྤྲིངས་བའི་འཕྲིན་ཡིག》ཅེས་པ་ནི་དེ་ལས་ཁྱད་དུ་འཕགས་ཏེ། ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པ། དོན་གྱི་སྒྲིག་གཞི་འཐུས་ཚང་བ། བརྗོད་བྱ་གནད་དུ་ཐིངས་པ་སོགས་ཀྱིས་མ་བཀླག་ཐབས་མེད་ཀྱི་དེབ་མཆོག་ཅིག་ཏུ་སེམས་སོ།།

   རྩོམ་པ་པོ་སི་ཁྲེ་ཧྥོན་ཚི་ཝེ་ཀི་མཆོག་ནི་ཨོ་སི་ཐྲི་ཡའི་སྒྲུང་རྩོམ་པ་དང་རྣམ་ཐར་རྩོམ་པ་པོ་གྲགས་ཅན་ཞིག་ཡིན། རྩོམ་པའི་ཁྱུ་མཆོག་ཁོང་ནི་བུད་མེད་ཀྱི་སེམས་ཁམས་ཞིབ་འབྲི་དང་སྣང་བརྙན་བཞེངས་སྐྲུན་ཐད་ལ་འཇོན་པོ་ཡོད་པས་འཛམ་གླིང་རྩོམ་རིག་ལའང་ཤུགས་རྐྱེན་མི་དམན་པ་ཐེབས་ཏེ། ཡུལ་ལུང་སོ་སོའི་ཀློག་པ་པོ་གྲངས་མེད་ཅིག་གི་བསམ་པའི་རྒྱགས་ཕྱེར་གྱུར་མྱོང་། ཁོང་གི་འཐུས་ཚབ་བརྩམས་ཆོས་ལ《བུད་མེད་རྒྱུས་མེད་ཅིག་གིས་སྤྲིངས་བའི་འཕྲིན་ཡིག》དང་། 《བུད་མེད་ཅིག་གི་མི་ཚེ་གང་བོའི་ཁྲོད་ཀྱི་ཉིན་གཅིག》《མིག་མངས་ཀྱི་གཏམ་རྒྱུད》སོགས་ཡོད། གཞན་བསྒྱུར་བ་པོ་གཅན་མེ་ཏོག་ལགས་ནི་བོད་སྐད་བོད་ཡིག་གི་རྨང་མཐུག་ཅིང་རྩོམ་རིག་གི་བློ་སྦྱོང་གཏིང་ཟབ་མཆིས་པ།ཡིག་རིགས་གཞན་དག་ལའང་བྱང་ཆུབ་པ་ཞིག་ཡིན་པའང་ངང་གིས་རྟོགས་ཐུབ།

   འགྱུར་དེབ《བུད་མེད་རྒྱུས་མེད་ཅིག་གིས་སྤྲིངས་བའི་འཕྲིན་ཡིག》ནི་ཁྱོན་ས་བཅད་ཆེན་པོ་གཉིས་སུ་དགར་བའི་རྩོམ་ལུས་འཕྲིན་ཡིག་གི་རྣམ་པར་བྲིས་པའི་སྒྲུང་འབྲིང་ཅིག་རེད། འཛམ་གླིང་གི་བརྩམས་ཆོས་གྲགས་ཅན་ཞིག་ཀློག་པར་འདང་ངེས་ཀྱི་རྩོམ་རིག་བློ་སྦྱོང་ཞིག་དགོས་ངེས་ཡིན་པ་ཏན་ཏན་ཡིན་ཡང་། གུས་པ་རང་ནས་དེབ་འདི་ལོ་སྔོན་མར་ཐེངས་གཅིག་བཀླགས་མྱོང་། ད་ཐེངས་ཀྱང་རྒོད་གཤིས་ཀྱི་བརྟུལ་ཞུགས་བཟུང་སྟེ་ཞིབ་ཏུ་ཐེངས་གཅིག་མཇལ་བ་ཡིན། འཕྲིན་ཡིག་འདི་དག་ཞིབ་ཀྱིས་བཀླགས་ཡོང་ཚེ། བུད་མེད་ཀྱི་སེམས་ཁམས་ཞིབ་འབྲི་དང་སྣང་བརྙན་བཞེངས་སྐྲུན་གྱི་ཁྱད་ཆོས་བྱེ་བྲག་བ་རེ་རེར་ཡིད་འོང་དང་མཛེས་པ་ཡིས་ཕྱུར་བར་གཏམས། འཕྲིན་ཡིག་འདི་དག་རྩོམ་པ་པོས་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་དང་མཐོང་སྣེ་དེ་རིགས་བྲིས་པ་བརྒྱུད་ནས་བུད་མེད་ཅིག་གི་བརྩེ་དུང་གི་རང་རྣམ་བྲིས་ཡོད།ཕུལ་དུ་བྱུང་བའི་རྩོམ་པ་པོ་ཀོར་ཅིས་ཀྱང་འཛམ་གླིང་སྟེང་བུད་མེད་ལ་རྒྱུས་མངའ་ཆེས་ཆེ་བའི་རྩོམ་པ་པོ་ཞེས་ཆོ་ལོ་དང་གདེང་འཇོག་གནང་ཡོད།

     བརྩམས་སྒྲུང《བུད་མེད་རྒྱུས་མེད་ཅིག་གིས་སྤྲིངས་བའི་འཕྲིན་ཡིག》ལྟ་བུ་ཞིག་ལ་མཚོན་ན། བུད་མེད་རྒྱུས་མེད་ཅིག་གི་འཕྲིན་ཡིག་ཅིག་འབྱོར་བ་རྐྱེན་བཅས་ཏེ་བུད་མེད་གཞོན་ནུ་མ་ཞིག་གི་ནར་སོན་གྱི་བརྩེ་དུང་ཆ་ཚང་ཞིག་བྲིས་ཡོད། ཡིག་ཤུབས་དང་འཕྲིན་ཡིག་གང་ཡིན་རུང་ཚང་མར་སྤྲིང་མཁན་གྱི་སྡོད་གནས་མེད་ལ། རུས་མིང་སོགས་ཅི་ཡང་བྲིས་མེད་པར་ལག་ཏུ་འབྱོར་བ་དེས་སྐུ་ཞབས་ཁོ་རང་ཡ་མཚན་སྙམ་པའི་བློ་ཞིག་དང་མཉམ་དུ།ཡང་བསྐྱར་འཕྲིན་ཡིག་ལག་ཏུ་བླངས་ནས་ལྟ་སྐབས། ཁྱོད་ཡ། ད་ལྟའི་བར་དུ་ང་རང་ངོ་མི་ཤེས་པའི་བདག་གི་ཁྱོད་ལགས། ཞེས་འཕྲིན་ཡིག་གི་དབུ་བསླངས་ཏེ་བབ་ཆགས་པའི་སྐད་ཆ་རེ་རེས་བརྩེ་དུང་གི་ན་ཟུག་སྔོག་འདོན་དང་གཏམ་རྒྱུད་ཀྱི་མཛེས་པས་གདུས་པའི་སྣུམ་ཞགས་ཀྱིས་སེམས་གཏིང་དུ་རུམ་པའི་བརྩེ་བ་ཞིག་མཚོན་པར་བྱས་ཡོད།དཔེར་ན། ཁྱོད་ངོ་ཤེས་པའི་ཉིན་དེ་ནས་བཟུང་། ངའི་ཚེ་སྲོག་ལ་ད་གཟོད་ངེས་དོན་གྱི་སྙིང་བོ་ཡོད་པར་གྱུར་དང་། ང་ལ་མཚོན་ན་ཁྱོད་ནི་ཡིད་འཕྲོག་པའི་གབ་ཚིག་ཅིག་དང་འདྲ་སོགས་བབ་ཆགས་པའི་སྐད་ཆ་ལ་བརྟེན་ནས་དལ་ལ་རིང་བའི་མི་ཚེའི་གཏམ་རྒྱུད་ཅིག་ཐ་སྙད་ཀྱི་སྐུད་པར་བརྒྱུན་ནས་གསོན་ཉམས་ལྡན་པར་བརྗོད་ཡོད། གཏད་སོ་མེད་པ་དང་མཐོང་ཐབས་མེད་པ། རབ་རིབ་གནས་པའི་བུད་མེད་འདི་དྲན་ཐེངས་རེར། ཁང་བ་འདིའི་ནང་གློ་བུར་དུ་འཁྱག་སིབ་སིབ་ཀྱི་རླུང་བ་རྒྱུ་ཞིང་།རླུང་བུ་འདི་འཇིག་རྟེན་གཞན་ཞིག་ལས་སླེབས་པ་དང་འདྲ་ཞེས་རྟོག་བཏགས་དང་བློས་བསླངས་ཀྱིས་བུད་མེད་ཅིག་གི་ཟབ་ཡངས་ཀྱི་བརྩེ་དུང་བཀྲལ་བར་བྱས་ཡོད།

     བུད་མེད་ཅིག་གི་མི་ཚེའི་གང་བོའི་ཁྲོད་ཀྱི་ཉིན་ཞག་གཅིག་ལྟ་བུར་མཚོན་ན་རང་གི་མི་ཚེའི་ཁྲོད་ཀྱི་ཉིན་ཞག་གཅིག་གི་མཐོང་སྣེ་བྲིས་ཏེ་ཚེ་སྲོག་གི་རྩ་བར་ཟུག་པའི་ཉིན་ཞག་མཐའ་དག་ལས་ཐེངས་གཅིག་ཁོ་ན་ལས་མེད་པའི་ཉིན་གཅིག་པུ་བརྗོད་དེ། གཞན་པ་ཡོད་ཚད་ལ་སྙིང་བོ་སྤུ་ཙམ་ཡང་མི་འདུག་དང་རིན་ཐང་སྤུ་ཙམ་ཡང་མེད་པའི་འཁྱོལ་བར་དཀའ་བའི་ལོ་ཟླ་དེ་ཕར་ལ་བསྐྱལ་སོགས་འུར་འུར་ཟིང་ཟིང་གི་སྤྱི་ཚོགས་ཁྲོད། དོན་མེད་ལས་ལ་གཡེང་ནས་ཉི་མ་འཁྱོངས་ཐབས་བྱེད་མཁན་ལ་ཟུར་ཟ་དང་། ཚེ་མཇུག་ཇི་ལྟར་བཀོད་སྒྲིག་བྱ་དགོས་པ་དང་གསོན་ཡང་དམིགས་ཡུལ་མེད་ན།འཚོ་བ་ནི་སྔར་བཞིན་ནོར་འཁྲུལ་ཡིན་པ་སོགས་འཁྲུག་ཆ་དོད་པའི་བྱུང་རིམ། ཚིག་སྦྱོར་ལ་མཚན་ཉིད་དང་སྙན་ངག་གི་ཉམས་ཀྱིས་ཕྱུག་པ། འཚོ་བར་ཟབ་ཞུགས་གནང་ཐུབ་གྱིན་མེད་པའི་མི་དག་ལ་ཟུར་ཟ་དང་འཇིག་རྟེན་ནི་སྐྱིད་སྡུག་གཉིས་ཀྱི་རྐྱ་འཐབ་པའི་གྲུ་ཁ་ཞིག་ཡིན་པས་ལེགས་པར་གསོན་ཐུབ་ན།ཚེ་སྲོག་ལ་འོད་ཐིག་གསར་བ་ཞིག་འཕྲོས་ཡོང་ལ། དུས་ཚོད་ཀྱིས་བརྩེ་དུངས་ཡོད་ཚད་ཀྱི་སྟོབས་ཤུགས་ཇེ་ཟབ་ཏུ་གཏོང་ལ། འཆི་བ་ཉེ་བར་བཅར་བཞིན་པའི་འཚུབ་ཆ་ལངས་གྱིན་པའི་ཚོར་སྣང་ཞིག་མངོན་པར་བྲིས་ཡིད། བུད་མེད་ཀྱི་སེམས་ཁམས་ཞིབ་འབྲི་དང་སྣང་བརྙན་བཞེངས་བསྐྲུན་བྱས་པ་ལ་བརྟེན་ནས་ཉིན་ཞག་གཅིག་ལྟ་བུའི་གཏམ་རྒྱུད་ཅིག་བྲིས་ཡོད། 

     རྒྱའི་ཁ་དཔེ་ཅིག་ཏུ། དཔེ་དེབ་ཁྲི་ཕྲག་བཀླགས་གྱུར་ན། སྨྱུག་ཁ་ལྷ་ཡིས་བསྒྱུར་དང་མཚུངས།། ཞེས་བཤད་པ་བཞིན། རྩོམ་པ་པོ་ཚི་ཝེ་ཀི་ལགས་ཀྱིས་ཀྱང་མིག་དབང་འཕྲོག་པའི་འཛམ་གླིང་གི་བརྩམས་ཆོས་གྲགས་ཅན་མང་པོ་བཀླགས་པས། ད་གདོད་འདི་ལྟ་བུའི་ཡིད་དབང་འཕྲོག་པའི་བརྩམས་ཆོས་ཤིག་ལམ་ལྷོངས་བྱུང་བ་ཡིན་པར་གདོན་མི་ཟའོ།།  རྗེ་རིན་པོ་ཆེས་ཞལ་ནས། ང་ཤི་བའི་རྗེས་སུ་ང་དང་མ་འཕྲད་སྙམ་པའི་ཡིད་གདུང་བ་རྣམས་ཀྱིས།ངས་བརྩམས་པའི་མདོ་སྔགས་ཀྱི་ལམ་རིམ་གཉིས་ལ་ལྟོས་དང་། ང་ཕྲད་པ་ཁྱད་པར་མེད་དོ།།  ཞེས་གསུངས་པ་བཞིན། འཛམ་གླིང་གི་རྩོམ་པ་པོ་གྲགས་ཆེན་དང་ཞལ་མཇལ་བའི་སྐལ་བ་མ་ལྡན་ནའང་ཁོང་ཅག་གིས་བརྩམས་པའི་དཔེ་དེབ་མཇལ་བ་ནི་ཁོང་ཅག་ལ་དངོས་སུ་མཇལ་བ་ལས་ཀྱང་ཁྱད་དུ་འཕགས་པས་ནམ་ཞར་དཔེ་ཀློག་གི་གོམས་གཤིས་རྒྱུད་ལ་འཇགས་པར་བྱེད་པ་ནི་ཤིན་ཏུ་ལས་ཀྱང་གལ་ཆེའོ།། དཔེ་ཀློག་ནི་ཉི་མ་འཁྱོལ་ཐབས་སུ་བྱེད་ཆོག་ལ། ནུས་པ་མཐོར་འདེགས་ཀྱི་ཐབས་མཆོག་ཅིག་ཏུ་སེམས་ཆོག་གོ། 

   མཇུག་མཐར། ཕྱི་གླིང་གི་བརྩམས་ཆོས་གྲགས་ཅན་འདི་མ་ཡིག་ཏུ་བསྒྱུར་མཁན་གཅན་མེ་ཏོག་ལགས་ལ་ཐུགས་རྗེ་ཆེ་ཞུ་བ་དང་། རྗེས་སོར་ཡང་ཕྱི་གླིང་བརྩམས་ཆོས་འདི་རིགས་བོད་འགྱུར་གནང་བའི་རེ་ཞུ་སོར་བཅུའི་ཐལ་མོ་སྙིང་ཁར་སྦྱར་ནས་ཞུས་པ་ཡིན། དེ་མཚུངས་གད་སྙིགས་ཀྱི་ནང་ནས་བཟོད་མི་ཐུབ་པ་ནི་ཡི་གེའི་གད་སྙིགས་ཡིན་ཞེས་བཤད་པ་བཞིན། ཁེ་ཕན་ཉི་ཚེ་བ་དང་གྲགས་སྐམ་འུད་ཀྱི་རྗེས་སུ་འབྲང་བའི་ཡི་གེའི་གད་སྙིགས་གྲངས་མེད་ཅིག་དཔར་དུ་བསྐྲུན་ནས་སྒོར་ཐོན་ན་ཡང་དོན་སྒོ་ཆུང་བར་སེམས།གུས་པ་རང་ནི་ན་ཚོད་ཆེས་ཆེར་སོན་གྱིན་པ་དང་མཉམ་དུ་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་དང་རྟོགས་བརྗོད། གསུང་རྩོམ་བཀླག་པར་སྤྲོ་བ་ལས་གཞན། ཕྱི་གླིང་གི་བརྩམས་ཆོས་གྲགས་ཅན་དག་མཇལ་འདོད་ཀྱི་སེམས་ཤུགས་ཆེས་ཆེར་འཕགས།ཡིན་ནའང་། དཔེ་ཀློག་རེག་ཟིག་འདི་ནི་སྣ་ཟིན་སྤུ་ཟིན་ཙམ་ལས་གང་ཡང་འཁྱོངས་མེད་པས་དཔེ་ཀློག་ལ་འཇུག་པ་ཡངས་པའི་གྲོགས་པོ་དག་ལ་དེབ་འདི་འོས་སྦྱོར་ཙམ་བྱས་པ་མ་གཏོགས་འདིར་རིན་བྲལ་གྱི་དུས་ཚོད་ཅིག་བཀོལ་ནས་བཀླག་རི་བ་ཞིག་ཏུ་གྱུར་མེད་པས་དགོངས་དག་ཞུ་རྒྱུ་དང་། དཔེ་ཀློག་ལ་དགའ་བའི་གྲོགས་པོ་ཚོར་དཔེ་ཀློག་གི་ཁྲོད་ནས་ཤེས་རབ་འཕེལ་བ་དང་། བསམ་སྤྱོད་དོན་སྨིན་ཡོང་བའི་སྨོན་འདུན་དང་བཅས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:གནའ་དེང་གི་བོད་ཀྱི་སློབ་གསོའི་སྐོར་གླེང་བ།
  • ལེ་ཚན་རྗེས་མ།:མིག་དཔེ་བལྟས་ནས་མིའི་བྱ་སྤྱོད་འགྱུར་བ་གཏོང་སྲིད།
  • དོ་སྣང་ཆེ་བའི་རྩོམ།