པདྨ་དབང་མོ་དང་སྒྲོལ་མ། 2017-05-08
དགེ་རྒན་ཞེས་པ་ཅི་ཡིན་ཟེར་ན་ས་པཎ་མཁས་འཇུག་ལས་གཙང་མཁས་གཞན་ལ་ཕན་པར་འདོད་པ་ཞེས་དགེ་རྒན་ལ་མཚན་ཉིད་བཞག་ཡོད། དགེ་རྒན་གྱི་མཚན་ཉིད་དེ་དང་བསྟུན་ནས་དེང་སང་གི་རང་དང་བློ་ཁ་མཉམ་པའི་དགེ་རྒན་དང་དགེ་འོས་སློབ་མ་རྣམས་ལ་གཞིགས་ནས། དགེ་རྒན་གྱི་འོས་འགན་སྐོར་རགས་ཙམ་གླེང་རྒྱུ་ཡིན།
དེ་ཡང་དགེ་རྒན་ཞིག་གིས་ངེས་པར་ཤེས་དགོས་པ་དང་བསྒྲུབ་དགོས་པ་འདི་དག་ཡོད་དེ། སློབ་སྦྱོང་བྱ་དགོས་པའི་རྒྱུ་མཚན་ནི། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན།། རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག། ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན།། ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག། ཅེས་དང་། སློབ་སྦྱོང་གི་དམིགས་ཡུལ་ནི། སྐྱོན་ཀུན་ཟད་དང་། ཡོན་ཏན་ཀུན་ལྡན་ཞེས་བསྟན་འདུག སློབ་སྦྱོང་གི་ལྟ་བ་ནི། མཁས་པ་སློབ་པའི་དུས་ན་སྡུག བདེ་བར་སྡོད་ལ་མཁས་མི་སྲིད། ཅེས་པ་དང་། སློབ་སྦྱོང་གི་རྣམ་འགྱུར་ནི། ལེགས་བཤད་བྱིས་པ་དག་ལས་ཀྱང་། མཁས་པ་རྣམས་ནི་ཡོངས་སུ་ལེན།། ཞེས་ས་པཎ་གྱི་ལེགས་བཤད་སོགས་ལས་ཤེས་པར་བྱ་དགོས། སློབ་སྦྱོང་གི་ནང་དོན་ནམ་སྦྱང་བྱ་ནི། རིགས་ལམ་རྣམ་པར་འབྱེད་པའི་རྣམ་དཔྱོད་དང་།། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།། ཞེས་བསྟན་ཡོད། སློབ་སྦྱོང་གི་སྙིང་སྟོབས་ནི། རིག་པ་འདོད་ན་བདེ་བ་དོར།། བདེ་བ་འདོད་ན་རིག་པ་དོར།། བདེ་ལྡན་རིག་པ་ག་ལ་འགྲུབ།། རིག་པ་དོན་གཉེར་ག་ལ་སྐྱིད།། ཅེས་པ་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱི་ལེགས་བཤད་སོགས་ལ་བསླབས་ཏེ་ཤེས་པར་བྱ་དགོས་ལ། རང་ཉིད་ཀྱི་རྒྱུད་ལ་རྨད་དུ་བྱུང་བའི་སློབ་སྦྱོང་གི་སྙིང་སྟོབས་ཤིག་འཁྲུངས་པར་བྱ་དགོས། སློབ་སྦྱོང་གི་གོམས་སྲོལ་ནི། སློབ་སྦྱོང་ལས་བྱུང་བའི་གོམས་སྲོལ་ཡག་ཤོས་རྣམས་ལ་གོ་དགོས། སློབ་སྦྱོང་གི་གྲུབ་འབྲས་ལེགས་མིན་ནི་སློབ་སྦྱོང་གི་གོམས་སྲོལ་ལེགས་མིན་རྗེས་སུ་འགྲོ་ལྡོག་བྱེད་པ་རེད། སློབ་སྦྱོང་བྱེད་ཐབས་ནི། བློ་ངོར་ཤེས་བྱའི་སྒྲོམ་གཞི་ཞིག་ཆགས་པ་དང་། དགེ་རྒན་ནི་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་གཉེར་མཁན་ཡིན་ཕྱིར། སློབ་ཁྲིད་རྩ་དོན་ཤེས་དགོས་པར་མ་ཟད། མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱ་དགོས། སློབ་ཁྲིད་རྩ་དོན་ནི་སློབ་ཁྲིད་ཀྱི་ཆོས་ཉིད་གཞིར་བཟུང་ནས་གཏན་ལ་ཕབ་པའི་སློབ་ཁྲིད་བྱ་བར་མཛུབ་སྟོན་བྱེད་པའི་རྩ་བའི་རིག་པ་ཞིག་རེད། སློབ་ཁྲིད་ལ་གྲུབ་འབྲས་ལེགས་པོ་ཞིག་ལོན་མིན་ནི་སློབ་ཁྲིད་རྩ་དོན་རྒྱུན་འཁྱོངས་ཡག་པོ་ཞིག་བྱས་མིན་གྱི་རྗེས་སུ་འགྲོ་ལྡོག་བྱས་པ་རེད།
དེ་ཡང་ཞིབ་ཏུ་བཤད་ན། སློབ་མ་རྣམས་ཀྱིས་དགེ་རྒན་གྱིས་སློབ་མའི་ཆུ་ཚད་དང་དུས་ཚོད་ལ་དམིགས་ཏེ་བཀོད་སྒྲིག་བྱས་པའི་སྔོན་སྦྱོང་གི་ལས་བྱ་བསྒྲུབ་དགོས། དངོས་གཞིའི་སྐབས་སུ་སློབ་ཁྲིད་རྩ་དོན་རྒྱུན་འཁྱོངས་དང་། སློབ་ཁྲིད་འཆར་གཞི་ལག་བསྟར། སློབ་ཁྲིད་བྱེད་ཐབས་བེད་སྤྱོད་བྱས་ཏེ་སློབ་ཁྲིད་འགན་འཁུར་ལེགས་འགྲུབ་ཡོང་བར་བྱ་དགོས། སློབ་ཁྲིད་ཀྱི་དངོས་གཞིའི་སྐབས་སུ་དགེ་རྒན་རྣམ་པས་འཆད་ཐབས་ཏེ་སློབ་ཁྲིད་བྱེད་ཐབས་སྣ་མང་གང་འཚམ་གྱིས་བེད་སྤྱོད་གཏང་དགོས། ང་ཚོ་བོད་ལ་གཞན་ལ་མེད་པའི་འཆད་ཐབས་སྣ་མང་མཆིས་ཏེ། འཆད་ཐབས་ཡན་ལག་གསུམ་ལྡན་དང་། ཉི་ཟླ་སྐར་གསུམ་གྱི་འཆད་ཐབས། ཞུམ་རྒོད་རྨུགས་གསུམ་སེལ་བའི་འཆད་ཐབས་དང་། གང་འཚམ་གྱི་འཆད་ཐབས་དང་། གཞན་ད་དུང་བཀྲ་ཤིས་རྟགས་བརྒྱད་ཀྱི་འཆད་ཐབས་དང་། ཡན་ལག་ལྔའི་འཆད་ཐབས། འཆད་ཐབས་ལུགས་གཉིས་མ། རྩིས་མགོ་རྣམ་པ་ལྔའི་འཆད་ཐབས། སེང་གེ་མཇིང་བསྣོལ་གྱི་འཆད་ཐབས། སེང་སྦལ་སྟག་སོགས་ཀྱི་འཆད་ཐབས།དགོས་སོགས་ཆོས་བཞིའི་འཆད་ཐབས། འཆད་ཐབས་རྣམ་བཞི། དག་པ་གསུམ་ལྡན་གྱི་འཆད་ཐབས། ཆེ་བ་བཞི་ལྡན་གྱི་འཆད་ཐབས། ཐོས་བསམ་སྒོམ་གསུམ་གྱི་འཆད་ཐབས། སྙན་པར་སྨྲ་བའི་འཆད་ཐབས་སོགས་ཧ་ཅང་མང་པོ་ཞིག་ཡོད། ང་ཚོ་དགེ་རྒན་རྣམ་པས་བོད་རང་གི་ཐུན་མོང་མ་ཡིན་པའི་འཆད་ཐབས་དག་ལག་ལེན་དངོས་ཀྱི་ཁྲོད་ནས་བསླབས་ཏེ་བདག་གིར་འཛིན་དགོས་པར་མ་ཟད། དེང་དུས་སུ་དར་བའི་མཉམ་ཞུགས་ཀྱི་འཆད་ཐབས་དང་སྙིང་ཁྲིད། དྲི་བའི་འཆད་ཐབས། ཀློག་དཔྱད་སྦྱོང་ཁྲིད་དེ་འཆད་ཐབས་ཡིག་བཞི་མ།འཁྱོག་བཤད་ཀྱི་འཆད་ཐབས། ལྐོག་བརྡའི་འཆད་ཐབས་སོགས་ལས་ཀྱང་ལེགས་པའི་ཆ་ཡོད་ན་བླང་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་རེད།
གོང་སྨོས་སློབ་ཁྲིད་འཆད་ཐབས་ལ་བྱང་ཆུབ་པའི་རྨང་གཞིའི་ཐོག་དགེ་རྒན་གྱི་འོས་འགན་ནི་སློབ་མའི་རྒྱུད་ལ་ཡོན་ཏན་བཟང་པོ་རེ་འཁྲུངས་ཐབས་དང་། ཡང་སྒོས་སུ་སློབ་མའི་མི་གཞི་བཟང་པོ་ཞིག་གསོ་སྐྱོང་བྱ་རྒྱུ་དེ་ཡིན། དགེ་རྒན་ཚོས་འབད་བརྩོན་ལྷོད་མེད་ཀྱིས་སློབ་གསོའི་བྱ་གཞག་རླབས་ཆེན་འདིའི་ཕྱོགས་སུ་རང་ནུས་ཡོད་རྒུ་རྩལ་སྤྲུགས་བྱས་ན། སློབ་གསོའི་བྱ་གཞག་འདིའི་རྒྱལ་མཚན་མཐོན་པོར་མཁའ་རུ་བསྒྲེངས་ནུས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10