དམའ་འབྲིང་བོད་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་ཐབས་ཀྱི་སྐོར་ལ་མདོར་ཙམ་གླེང་བ།

དཀར་མཛེས་ཁུལ་དར་མདོ་སློབ་འབྲིང་། རིན་ཆེན་རྡོ་རྗེ།        2019-09-23

    བོད་སྐད་ཡིག་ནི་རང་རྒྱལ་གྱི་སྐད་ཡིག་མ་ལག་ནང་གི་གཙོ་ཆེ་ནང་གི་གལ་ཆེ་བའི་གྲུབ་ཆ་ཞིག་རེད།དེ་ནི་དུས་རབས་བདུན་པར་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་ཐོན་མི་སམྦྷོ་ཊས་གསར་བཏོད་མཛད་པ་རེད།ད་བར་ལོ་ངོ་ཆིག་སྟོང་གསུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད།ཁྱད་པར་དུ་རིག་གནས་གསར་བརྗེའི་རྗེས་སུ་བོད་ཡིག་ལ་ཡང་འཕེལ་རྒྱས་མི་ཉུང་བ་ཞིག་ཡོད།ས་ཆ་མང་དག་ཏུ་སློབ་གྲྭ་ཆེན་མོར་བོད་སྐད་ཡིག་སློབ་ཁྲིད་དང་ཞིབ་འཇུག་གི་ལྟེ་གནས་མང་དུ་བཙུགས་ཡོད།ཁྱད་པར་དུ་བོད་ཁུལ་སློབ་གྲྭ་ཆེན་མོར་འབུམ་རམས་པ་དང་ཞིབ་འཇུག་སློབ་མའི་འཛིན་གྲྭ་བཙུགས་ཡོད་པ་དང་།རང་རིགས་ཀྱི་མཁས་དབང་མང་པོས་བོད་སྐད་ཡིག་གི་ཞིབ་འཇུག་གི་ལས་གཞི་རུ་ཞུགས་ནས་འཕེལ་རྒྱས་ལ་ཕན་པ་ཆེན་མོ་ལྡན།

    ཇི་སྐད་དུ་རྒྱ་གར་གྱི་མཁས་པ་ཞི་བ་ལྷས།བརྩོན་གང་དགེ་ལ་སྤྲོ་བའོ་ཞེས་གསུངས་པར་ལྟར།སྤྲོ་སྣང་ནི་དགེ་རྒན་བཟང་ཤོས་དེ་ཡིན་པ་དང་།ཕུལ་བྱུང་གི་དགེ་རྒན་ཞིག་ཡིན་ཕྱིར།ཁྱད་པར་དུ་བོད་སྐད་ཡིག་གི་དགེ་རྒན་གྱིས་སློབ་ཁྲིད་དུ་འཆར་གཞི་དང་ལྡན་པའི་སྒོ་ནས་སློབ་མས་བོད་སྐད་ཡིག་སློབ་སྦྱོང་བྱེད་པའི་སྤྲོ་སྣང་བསྐྱེད་པ་ལ་སྦྱོང་བརྡར་བྱེད་དགོས།སློབ་མ་རྣམས་ལ་སྐུལ་ལྕག་བྱེད་ནས་སློབ་སྦྱོང་གི་གནས་ཚུལ་དེ་ཆེས་བཟང་པོར་བསྒྱུར་ཐུབ་པ་དང་།ཁོ་ཚོས་སྤྲོ་སེམས་དང་བཅས་བོད་སྐད་ཡིག་ལ་སློབ་སྦྱོང་བྱེད་པ་དང་།སློབ་སྦྱོང་བྱེད་མཁས་པ།སྦྱོང་སྟངས་ཤེས་པ།བློ་རྩེ་གཅིག་ཏུ་སྒྲིམ།དཀའ་ངལ་འཛེམ་མེད་གྱིས་སློབ་སྦྱོང་བྱེད་དགོས།དེར་བརྟེན་སློབ་ཐུན་སློབ་ཁྲིད་ཀྱི་ཐབས་ཤེས་ཀྱང་ཆད་མེད་དུ་བསྒྱུར་དགོས་པ་དང་།སྣ་མང་གང་འཚམ་གྱི་སློབ་ཁྲིད་བྱེད་ཐབས་ཀྱིས་སློབ་མ་རྣམས་ལ་ཕྱོགས་ཡོངས་ནས་སྐད་ཡིག་ལག་སྟར་གྱི་བྱ་འགུལ་སྤེལ་དགོས།ཐབས་ཤེས་སྣ་མང་ལ་བརྟེན་ནས་སློབ་མས་ལག་བསྟར་བྱེད་པའི་སྤྲོ་སེམས་ལ་སྐུལ་སློང་དང་།སློབ་མས་བོད་སྐད་ཡིག་སློབ་སྦྱོང་བྱེད་པའི་སྤྲོ་སྣང་དེ་སྐྱེད་སྲིང་བྱེད་དགོས།སློབ་མ་རྣམས་ལ་སྤྲོ་སྣང་དེ་འགུལ་ཤུགས་སུ་འགྱུར་རྒྱུ་དང་།ཡུན་རིང་བའི་སློབ་ཁྲིད་ཀྱི་བརྒྱུད་རིམ་དུ་སྤྲོ་སྣང་དེ་རྒྱུན་བསྲིང་ཐུབ་པ་དང་།སྐད་ཡིག་དངོས་སུ་ལག་བསྟར་བྱ་རྒྱུའི་སྟེང་ལ་ཆད་མེད་ཀྱི་འགུལ་ཤུགས་སྦྱིན་པ།དེའི་ཕྱིར་བོད་སྐད་ཡིག་སློབ་ཁྲིད་དང་སློབ་གསོའི་གཞུང་ལུགས་བཀླགས་པའི་བརྒྱུད་རིམ་དུ་སྨྱུག་ཐོགས་པས་བོད་སྐད་ཡིག་ལ་སྤྲོ་སྣང་སྐྱེད་སྲིང་དང་རྒྱུན་འཁྱོངས་བྱེད་ཐུབ་པ་ལ་གཤམ་གྱི་ལྟ་བ་འགའ་འདྲེན་པ་ལགས།

    དང་པོ།སློབ་མ་རྣམས་ཀྱི་ཆུ་ཚད་ཀྱི་རིམ་པ་དབྱེ་ནས་སློབ་ཁྲིད་ཀྱི་ཐབས་ལམ་སྣ་མང་སྤྱོད་པ།

    ༡ སྦྱངས་འབྲས་བཟང་པའི་སློབ་མ་རྣམས་ཡར་འདེགས་བྱེད་པ།

     རྫོང་དང་གྲོང་ཁྱེར་གྱི་བོད་སྐད་ཡིག་གི་སྤུས་ཚད་དང་རྨང་གཞི་ཅུང་ལེགས་ཤིང་།དང་ལེན་གྱི་ནུས་པ་ཡང་ཅུང་ཤུགས་ཆེ་བ་རེད།དམའ་འབྲིང་གི་བོད་སྐད་ཡིག་སློབ་ཁྲིད་དུ།ཕྱོགས་ཡོངས་ནས་དང་དུ་ལེན་པའི་གནས་ལུགས་བཏོན་ནས་གཙོ་བོར་སློབ་མ་དེ་དག་ལ་འཆར་གཞི་དང་དམིགས་བསལ་ཅན་དུ་ཉན་ཀློག་འབྲི་འཆད་ཀྱི་སྐོར་ལ་སྦྱོང་བརྡར་ཤུགས་སྣོན་རྒྱག་པ་དང་།ཁོ་ཚོའི་སྐད་ཡིག་གི་དཀའ་ཁག་ལ་ལེགས་འགྲུབ་ཡོང་རྗེས།སློབ་མ་དང་ཐོག་ཡོང་བའི་ཁུངས་དང་།ཤེས་ཡོན་གྱི་རྒྱབ་ལྗོངས་དང་ཤེས་རྟོགས་ཀྱི་གྲུབ་ཆའི་ཁྱད་པར་ཅན་ལ་གཞིར་བཟུང་ནས་ཁོ་ཚོའི་བོད་སྐད་ཡིག་གི་བལྟ་ཀློག་དང་རྩོམ་འབྲི་ལ་གཙོ་གནད་དུ་བཟུང་ནས་སྐྱེད་སྲིང་བྱེད་དགོས།

    ༢ རིམ་བཞིན་དུ་སྦྱངས་འབྲས་སྤྱི་བཏང་བའི་སློབ་མའི་ཡར་འདེགས་བྱེད་པ།གྲོང་བརྡལ་དུ་ཡོད་པའི་སློབ་མའི་བོད་སྐད་ཡིག་གི་ཆུ་ཚད་ཀྱང་དཀྱུས་མ་ཡིན་ལ་དང་ལེན་བྱེད་ནུས་ཀྱི་རིམ་པ་ལྟར།ཤེས་ཡོན་གྱི་རྒྱབ་ལྗོངས་དང་ཤེས་རྟོགས་ཀྱི་གྲུབ་ཆའི་ཁྱད་པར་ཅན་ལ་གཞིར་བཟུང་ནས་ཁོ་ཚོའི་བོད་སྐད་ཡིག་ཉན་པ་དང་ཀློག་པ་གཙོ་གནད་དུ་བཟུང་ནས་སྦྱོང་བརྡར་དང་།སློབ་ཚན་གྱི་ནང་དོན་གོ་བ་ལེན་རྒྱུ་དང་ཤེས་ཡོན་གསར་པ་དང་ལེན་བྱ་རྒྱུ་དེ་ཡིན།

    ༣ སྦྱངས་འབྲས་ཞན་པའི་སློབ་མའི་རྨང་གཞི་ལེགས་པོར་གདིང་ཐུབ་དགོས།

    སྡེ་བ་དང་ཡུལ་ཚོའི་ནང་གི་སློབ་མ་ལ་མཚོན་ན་བོད་སྐད་ཡིག་གི་རྨང་གཞི་དེ་ཙམ་ལེགས་པོ་མིན་པ་དང་།སློབ་མས་ཤེས་རྟོག་གི་ནུས་པ་ཡང་དམའ་བས།དེ་མིན་སློབ་མ་འབྱུང་ཡུལ་དང་རྒྱབ་ལྗོངས།གོ་བ་ལེན་པའི་ནུས་པ་སོགས་ཀྱི་ཁྱད་པར་ཅན་ལ་ལྟོས་ནས་སློབ་མ་རྣམས་ལ་སྐུལ་ལྕག་གཙོ་གནད་དུ་བཟུང་བའི་སློབ་ཁྲིད་ཀྱི་ཐབས་ཤེས་དང་།ཡི་གེ་དང་མིང་།ཚིག་དང་བརྗོད་པ་སོགས་ཀྱི་རྨང་གཞི་ལེགས་པོར་གདིང་རྒྱུ་དང་།འབྲི་ཀློག་ནི་ཡོན་ཏན་ཀུན་གྱི་གཞི་མ་ཡིན་གསུངས་པར་ལྟར་བལྟ་ཀློག་བྱེད་དུས་ཀྱང་སློབ་མ་རྣམས་ལ་དགེ་རྒན་ལ་རག་ལས་ཁོ་ན་མིན་པའི་རང་མོས་ཀྱིས་བལྟ་ཀློག་བྱེད་རྒྱུར་སྐྱེད་སྲིང་བྱེད་པ་དང་།ཁྱད་པར་དུ་སློབ་མ་མང་ཤས་ཀྱིས་ལན་རྒྱག་རྒྱུ་ལ་ངོ་གནོང་བའི་གནས་ཚུལ་དང་བསྟུན་ནས་བལྟ་ཀློག་སློབ་ཁྲིད་དུ་རིམ་བགྲོད་ཀྱི་རྣམ་པས་དྲི་བ་དྲི་ལན་ཀྱི་ཁྲིད་ཐབས་སྤྲོད་དགོས།བལྟ་ཀློག་སློབ་ཁྲིད་ཀྱི་གོ་རིམ་དུ་སློབ་མ་རང་ངོས་ནས་གོ་བ་ལེན་དུ་འཇུག་པ་དང་སྨྱན་མང་གཟུགས་སོགས་ཁྲིད་ཆས་ལ་བརྟེན་ནས་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་དགོས།

    གཉིས་པ།དགེ་རྒན་ཀྱི་དཔུང་ཁག་ལ་ཤུགས་སྣོན་རྒྱག་པ།

    བོད་སྐད་ཡིག་གི་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་བྱས་ནས་སློབ་གསོའི་བྱ་བཞག་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་ཕྱིར།དགེ་རྒན་ཀྱི་དཔུང་ཁག་ལ་ཤུགས་སྣོན་རྒྱག་དགོས།བོད་ཁུལ་དུ་ཆ་རྐྱེན་ཞན་པ་དང་།ཉེ་བའི་ལོ་འགའ་རུ་དགེ་རྒན་གྱི་གྲངས་འབོར་ཅུང་མང་དུ་སོང་ཡང་།དགེ་རྒན་གྱི་སྤུས་ཚད་ད་དུང་ཧ་ཅང་ཞན་པས་སློབ་ཁྲིད་ཀྱི་དངོས་གཞིའི་དགོས་མཁོ་དང་བསྟུན་མི་ཐུབ།བོད་ཁུལ་དུ་ཡང་བོད་སྐད་ཡིག་གི་སློབ་ཁྲིད་དེ་ཕྱོགས་ཡོངས་ནས་དར་ཁྱབ་ཏུ་འགྲོ་མ་ཐུབ་པས་རང་རིགས་ཀྱི་ཕ་སྐད་དང་མ་ཡིག་ཀྱང་མཐོར་འདེགས་གཏོང་མ་ཐུབ།ཁྱད་པར་དུ་འབྲོག་ཁུལ་གྱི་ས་ཆ་ལ་ལ་དགེ་རྒན་མི་འདང་བའི་གནས་ཚུལ་དེ་ལས་ཀྱང་མངོན་གསལ་དོད།དེར་བརྟེན་བོད་ཁུལ་དུ་བོད་སྐད་ཡིག་གི་དཔུང་ཁག་མྱུར་དུ་འཛུགས་རྒྱུ་དང་སྐད་གཉིས་སློབ་གསོའི་དགེ་རྒན་སྦྱོང་བརྡར་བྱ་རྒྱུ།བོད་སྐད་ཡིག་ལ་མཐོང་ཆེན་བའི་གནས་ཚུལ་ཡང་མྱུར་བ་བསྒྱུར་ཐུབ།

    གསུམ་པ།སློབ་མ་རང་ཉིད་ཀྱི་གདེང་ཚོད་སྐྱེད་སྲིང་བྱེད་པ།

    སློབ་མ་རྣམས་ཀྱི་བོད་སྐད་ཡིག་གི་ཆུ་ཚད་ཞན་པའི་རྒྱུ་རྐྱེན་གཙོ་བོ་ནི་སྦྱོང་ཚན་འདི་ལ་ཡིད་ཆེས་མེད་པ་དེ་ཡིན།དེ་བས་དགེ་རྒན་རྣམ་པའི་སློབ་མའི་གདེང་ཚོད་དང་རང་གཅེས་ཀྱི་བསམ་བློ་ལ་སྐྱེད་སྲིང་བྱེད་དགོས།རྨང་གཞི་ཧ་ཅང་ཞན་པའི་སློབ་མ་དག་ལ་དགེ་རྒན་གྱིས་ནམ་ཡང་ཡིད་ཆད་དང་འཁང་ར།གཅར་རྡུང་དང་ཚིག་རྩུབ་ཀྱིས་སྡིགས་མོ་མི་བྱེད་པ།ལོགས་སུ་མ་དགར་བ་དང་མི་འདོར་ནས་ལྷག་བསམ་རྣམ་དག་གིས་དེ་དག་ལ་སེམས་ཁུར་དང་སྐུལ་ལྕག་བྱ་དགོས།དགེ་རྒན་གྱིས་སློབ་མ་རྣམས་ལ་བོད་ཡིག་སློབ་སྦྱོང་བྱེད་པའི་ཐབས་ཤེས་མཛུབ་སྟོན་ལ་བརྩོན་དགོས།དེ་དག་གི་སློབ་སྦྱོང་གི་གདེང་ཚོད་མཐོར་འདེགས་གཏོང་བའི་ངང་ནས་སྦྱངས་འབྲས་ཀྱང་རང་བཞིན་དུ་ཡར་ཐོན་ཡོང་ཐུབ།དགེ་རྒན་གྱི་རོགས་རམ་འོག་ནས་སློབ་སྦྱོང་གི་གོམས་གཤིས་ལེགས་པོ་ཆགས་ཐུབ་པ་དང་།སློབ་སྦྱོང་གི་སྤྲོ་སྣང་མཐོར་འདེགས་དང་སློབ་སྐྱོང་གི་ནུས་པ་ཡང་ཆེས་ཆེར་སྤེལ་ཐུབ།

    བཞི་པ།སློབ་ཁྲིད་བརྩིགས་སུ་བཟུང་ནས་དགེ་སློབ་མཉམ་འགུལ་བྱེད་པ།

    སློབ་ཐུན་སློབ་ཁྲིད་ནི་དགེ་རྒན་དང་སློབ་མ་གཉིས་ཀའི་ལས་འགུལ་ཞིག་རེད།དགེ་རྒན་ནི་སློབ་ཁྲིད་ཀྱི་རྩ་འཛུགས་པ་དང་གཙོར་སྟོན་པ་རེད།སློབ་མ་ནི་སློབ་ཐུན་སློབ་ཁྲིད་བྱ་ཡུལ་དང་གཙོ་བོ་ཡིན།དགེ་རྒན་གྱི་སློབ་སྟོན་ལ་བརྟེན་ནས་ད་གཟོད་སློབ་མས་སློབ་སྦྱོང་གི་བྱ་བ་དེ་སྒྲུབ་ཐུབ།དགེ་སློབ་ཀྱིས་མཉམ་འགུལ་ལ་བརྟེན་ནས་ད་གཟོད་སློབ་ཁྲིད་ཀྱི་ཕན་འབྲས་ལེགས་པོར་ཐོན་ཐུབ།

    དགེ་རྒན་གྱི་ལས་འགུལ་ནི་གཙོ་བོར་སློབ་ཁྲིད་ཀྱི་ཁོར་ཡུག་བསྐྲུན་རྒྱུ་དང་།སློབ་ཁྲིད་ཐབས་ཤེས་ཀྱི་གདམ་གསེས་དང་བེད་སྤྱོད།སློབ་ཁྲིད་ཀྱི་ནང་དོན་དང་བརྒྱུད་རིམ་ལ་ཁ་ལོ་བསྒྱུར་རྒྱུ།སློབ་ཁྲིད་དཀའ་གནད་དང་གཙོ་གནད་སྟོན་རྒྱུ།སློབ་ཐུན་སློབ་ཁྲིད་ཀྱི་སྐུལ་སློང་དང་བསྒྱུར་བཀོད།སློབ་མའི་ལས་འགུལ་ནི་སློབ་ཐུན་སློབ་ཁྲིད་དེ་དམིགས་ཡུལ་དུ་འཛིན་ནས་གཙོ་གནད་དང་དཀའ་གནད།ནང་དོན་ཕྱོགས་ལ་བསམ་བློ་གཏོང་རྒྱུ་དང་ཁ་འགུལ་ནས་ལན་རྒྱག་པ།ལག་འགུལ་ནས་འབྲི་བ་དེ་དག་ཡིན།

གོང་དུ་བཤད་པ་ལྟར་མི་རིགས་ས་ཁུལ་གྱི་སློབ་མའི་སྤུས་ཚད་སློབ་གསོ་ལ་མཐོར་འདེགས་གཏོང་བ་དེ་ནི་དཀའ་ཁག་ཆེ་བའི་ལས་གཞི་ཆེན་མོ་ཞིག་རེད།མ་འོངས་པའི་སློབ་གསོ་དང་སློབ་ཁྲིད་ཀྱི་བརྒྱུད་རི་དུ་ང་ཚོས་མ་མཐུད་ནས་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་པ་དང་།སློབ་གསོ་དང་སློབ་ཁྲིད་ལ་ཞིབ་འཇུག་བྱེད་པ།དམའ་འབྲིང་ཁྱད་པར་ཅན་གྱི་སློབ་ཁྲིད་ཀྱི་ཐབས་ཤེས་བེད་སྤྱོད་བྱེད་ནས་མི་རིགས་ས་ཁུལ་གྱི་སློབ་མའི་བྱང་ཚད་སློབ་གསོ་མཐོར་འདེགས་གཏོང་བ་ལ་རང་ཉིད་ཀྱིས་ཡོད་ཚད་འབུལ་དགོས།

  • ལེ་ཚན་སྔོན་མ།:དུས་རབས་གསར་པའི་དགེ་རྒན་གྱི་འགན་ཆེན་སྐོར་གླེང་བ།
  • ལེ་ཚན་རྗེས་མ།:བོད་སྐད་ཡིག་གི་སློབ་ཐུན་ཟིན་བྲིས་འགོད་སྟངས་རགས་ཙམ་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།