༄༅།། བོད་ཀྱི་རྒྱན་རིས་ཀྱི་ཁྱད་ཆོས་དང་མཚོན་དོན་སྐོར་ལ་རགས་ཙམ་དཔྱད་པ།

སྐལ་བཟང་ཚེ་བརྟན།        2018-11-20

            ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོའི་རྩེ་མོ་འདིར་གནས་པའི་བོད་མི་རྣམས་ཡུལ་གྲུ་གཞན་དང་མི་འདྲ་བའི་རང་མི་རིགས་ཀྱི་ལུགས་སྲོལ་དང་། འཚོ་བའི་གོམས་གཤིས།  བསམ་པའི་འཁྱེར་སོ། ཆོས་ལུགས་ཀྱི་དད་པ། རྟེན་འབྲེལ་གྱི་མཚོན་བྱེད་བཅས་ལ་དང་དོད་ཆེ་བའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཡོད། མི་རིགས་དེར་རང་གི་ཁྱད་ཆོས་ལྡན་པའི་རི་མོའི་སྒྱུ་རྩལ་ཕུན་སུམ་ཚོགས་པོ་དང་མཚོན་བྱེད་འགྲན་ཟླ་བྲལ་བ་ཞིག་ཡོད་པ་སྟེ། དེ་ནི་སྔོན་བྱོན་མཁས་དབང་དུ་མ་དང་ལྷག་པར་དུ་རི་མོའི་སྒྱུ་རྩལ་ལ་མངའ་བརྙེས་པའི་རྡོ་པ་བཀྲ་ཤིས་རྒྱལ་པོ་དང་། ཁོང་གི་སློབ་མ་ཕུལ་དུ་བྱུང་བ་སྨན་མཁྱེན་གཉིས་ཀྱིས་གཙོས་རི་མོ་འབྲི་མཁན་རྗེས་འཛིན་པ་རྣམ་དཔྱོད་བློ་གྲོས་ལྡན་པའི་མཁས་དབང་ཁག་ཅིག་གིས་ལོ་མང་རིང་ཉམས་མྱོང་གསོག་འཇོག་དང་ཕྱོགས་བསྡོམས་བྱས་པ་བརྒྱུད་ལེགས་བཅོས་ཀྱིས་གསར་གཏོད་མང་པོ་མཛད་ཡོད། བོད་ཀྱི་ལྷ་སྐུ་འབྲི་བའི་ལག་རྩལ་དང་། བཟོ་རྩལ། རྒྱན་རིས་རི་མོ་ཁག་ཆུ་ཚད་མཐོ་པོར་སླེབས་པ་མ་ཟད་རི་མོ་དེ་དག་གི་བཀོད་པ་མཛེས་ཤིང་ལྟ་ན་སྡུག་པ། མི་ཐམས་ཅད་ཡིད་དབང་རབ་ཏུ་འཕྲོག་པའི་རྩ་ཆེའི་མཛེས་རིས་ཤིག་ལ་འགྱུར་ཐུབ་ཡོད། དེ་ནི་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། དེ་བཞིན་དགོན་སྡེ་ཁག་གི་བཟོ་སྐྲུན་སྒྱུ་རྩལ། དེ་བཞིན་ཁྱིམ་ཚང་ཆེ་ཁག་ནང་གི་དངོས་པོ་ཁག་གཅིག་དང་། ལོ་མང་རིང་སྲིད་གཞུང་དང་མི་སྒེར་བྱིས་ཉར་ཚགས་བྱས་པའི་དངོས་པོ་རྩ་ཆེན་དེ་དག་གི་ཐོག་ནས་གསལ་པོར་མངོན་ཐུབ། ལྷག་པར་བོད་ཀྱི་རི་མོ་མཁན་ཚོས་ལོ་མང་ཞིབ་འཇུག་གནང་བའི་ནང་ནས་ཁྱད་ཆོས་གཙོ་བོ་ནི་སྲོག་ཆགས་དང་། ཡུལ་ལྗོངས་བཀོད་པ། མེ་ཏོག་སོགས་གཟུགས་འགྱུར་མཛེས་བཟོ་སྟོན་པ་འདི་ལྟ་སྟེ། བཟོ་གནས་སྐྲ་རྩེའི་ཆུ་ཐིགས་ལས། རྩ་བའི་པ་ཏྲ་རིགས་བརྒྱད་ཡོད་པ་ལས། དང་པོ་འབྱུང་བཞིའི་པ་ཏྲ་ནི། རིན་ཆེན་ས་གཞིར་ནོར་འཛིན་པ་ཏྲ་དང་། རླུང་གི་བསྐྱོད་པ་སྤྲིན་གྱི་པ་ཏྲ་དང་། རོ་ཡི་སྙིང་པོ་མེ་རིའི་པ་ཏྲ་དང་།   མུ་ཁྱུད་པ་ཏྲ་དང་། སླས་པ་དང་སྤྲད་པའི་པ་ཏྲ་དང་།  ཡི་གེ་གཟུགས་འགྱུར་གྱི་པ་ཏྲ་བཞི་སྟེ་བརྒྱད་དུ་བཤད་བ་ལ་རྩ་བའི་པ་ཏྲ་འདི་དག་གི་འགྲོས་ཤེས་ན་རྡུང་རྐོས་བྲིས་གསུམ་གྱི་པ་ཏྲ་ལ་མི་རྨོངས་ཤིང་རྟེན་འབྲེལ་མཚོན་བྱེད་ཀྱི་རི་མོ་ཅི་ཡང་དགོད་ཆོག་སྟེ། རྟགས་ཀྱི་མཚན་མའི་རི་མོ་སྣ་ཚོགས་བཀོད་པའི་པ་ཏྲ་ལ་སེང་གེ་དང་སྟག་གཟིག་སོགས་གཅན་གཟན་གྱི་རིགས་བཀོད་པའི་པ་ཏྲ་དང་། ཤ་བ་དང་བསེ་རུ་སོགས་རི་དྭགས་ཀྱི་རིགས་བཀོད་པའི་པ་ཏྲ་དང་། ཁྱུང་ཆེན་རྨ་བྱ་སོགས་ནམ་མཁའི་ལྡིང་གི་རིགས་བཀོད་པའི་པེ་ཏྲ། རིན་ཆེན་དང་རལ་གྲི་སོགས་འབར་བའི་རིགས་བཀོད་པའི་པ་ཏྲ། རྒྱལ་མཚན་དང་བ་དན་སོགས་སྒྲེང་བའི་རིགས་བཀོད་པའི་པ་ཏྲ། དྲ་བ་དང་དྲ་ཕྱེད་སོགས་དཔྱངས་པའི་རིགས་བཀོད་པའི་པ་ཏྲ། སྒང་བུ་དང་པད་མ་སོགས་འབྲས་བུ་སྨིན་པའི་རིགས་བཀོད་པའི་པ་ཏྲ།  དཔལ་བེའུ་དང་གྲུ་གུ་སོགས་སླས་པའི་རིགས་ཀྱི་པ་ཏྲ། སྦལ་རྒྱབ་མོ་དང་ཁྲབ་བྱང་མ་སོགས་སྤྲད་པའི་པ་ཏྲ།  རྣམ་བཅུ་དབང་ལྡན་དང་ཧོར་ཡིག་བརྩེགས་མ་སོགས་ཡི་གེ་གཟུགས་འགྱུར་རིགས་ཀྱི་པ་ཏྲ། གཡུང་དྲུང་དང་རྡོ་རྗེ་སོགས་སྲ་བརྟན་མི་འགྱུར་བའི་མཚན་མ་བཀོད་པའི་པ་ཏྲ། ཧོར་ཡིག་ཊཾ་ཀ་མ་དང་སྦལ་གཟུགས་མ་སོགས་གསེར་དངུལ་བཀྲ་མ་ལ་མཛེས་པའི་རི་མོའི་རིགས་བཀོད་པའི་པ་ཏྲ།  གཡུ་འབྲུག་དང་ཁྱུ་མཆོག་སོགས་རྩལ་ཆེན་གྱི་རིགས་བཀོད་པའི་པ་ཏྲ།  རྫས་བརྒྱད་དང་འདོད་ཡོན་རྣམ་ལྔ་སོགས་ཕུན་སུམ་ཚོགས་བྱེད་ཀྱི་རིགས་བཀོད་པའི་པ་ཏྲ།  ཚེ་རིང་རྣམ་ལྔ་དང་།  ལཉྫ་ཧྲྭི་ཡིག་སོགས་ཚེ་རིང་བའི་རྟགས་མཚན་བཀོད་པའི་པ་ཏྲ།  རྒྱ་ནག་གི་ཡི་གེ་ཚེ་བསོད་དབང་ཐང་གི་སྲོལ་ཡིག་ཧྥུའུ་ལུ་ཧྲའོ་གསུམ་སོགས་ཚེ་བསོད་དབང་ཐང་དར་ཞིང་རྒྱས་པར་བྱེད་པའི་མཚན་མ་བཀོད་པའི་པ་ཏྲ།  དབང་པོ་རྣམ་ལྔ་སོགས་མཉེས་བྱེད་ཀྱི་རིགས་བཀོད་པའི་པ་ཏྲ།  ཀ་མགོ་དང་ཀ་འཕན་གྱི་མགོ་སོགས་ལ་ཕྱོགས་གཉིས་མ་མཐུན་ཅིང་མཛེས་པར་བྱེད་པའི་རྩི་པ་ཏྲ་སོགས་ཤིན་ཏུ་མང་པོ་འཕྲོས་ཆོག་གོ།  མཛེས་རིས་དེ་དག་གི་གོ་དོན་ལ་ཞིབ་འཇུག་བྱས་མཐར་ཚང་མ་རྟེན་འབྲེལ་གྱི་དོན་མཚོན་པ་སྟེ། དཔེར་ན། བཀྲ་ཤིས་རྟགས་བརྒྱད་དང་།  བཀྲ་ཤིས་རྫས་བརྒྱད། འདོད་ཡོན་སྣ་ལྔ།   ནོར་བུ་ཚ་བདུན།   རྒྱལ་སྲིད་སྣ་བདུན། ཚེ་རིང་དྲུག་འཁོར། མཐུན་པ་སྤུན་བཞི། སྟག་སེང་ཁྱུང་འབྲུག   མི་མཐུན་ཕྱོགས་ལས་རྣམ་རྒྱལ་སོགས་དེ་རྣམས་ཚང་མ་བཀྲ་ཤིས་པ་དང་། ཚེ་རིང་བ། རྒན་གཞོན་གུས་ཞབས་མཚོན་པ།  ཁྱིམ་ཚང་འཆམ་མཐུན་ཡོང་བ། འབྱུང་བ་བཞི་མཚོན་པ་བཅས་བཀྲ་ཤིས་རྟེན་འབྲེལ་སོགས་དོན་དེ་དག་གིས་མི་རྣམས་ཚང་མའི་སེམས་ནང་སྤྲོ་བ་སྐྱེས་ཐུབ་པ་དང་། བློ་བདེ་བག་ཕེབས།  གེགས་སེལ་རྐྱེན་སེལ་གྱི་དགེ་མཚན་ལྡན་ཡོད་སྟབས། བོད་མི་དམངས་ཚོས་རི་མོ་དེ་དག་གི་གཟུགས་ཀྱི་བཀོད་པ་མཛེས་པོ་དེར་མྱོང་རོལ་བྱེད་པ་དང་། མཛེས་རིས་དེ་དག་གི་བཀྲ་ཤིས་རྟེན་འབྲེལ་བཟང་བའི་དོན་མཚོན་པར་བརྟེན། མཛེས་རིས་དེ་དག་ལ་ཧ་ཅང་དགའ་པོ་བྱེད་བཞིན་ཡོད། བོད་མི་རིགས་འདི་ནི་དུས་རྒྱུན་འཚོ་བའི་ནང་ལས་དོན་ཆེ་ཆུང་གང་འདྲ་ཞིག་བྱེད་དགོས་ཀྱང་རྟེན་འབྲེལ་རྣམས་མ་འཕྱུགས་པ་བྱེད་ཀྱི་ཡོད་པས། གོང་གསལ་གྱི་རྟེན་འབྲེལ་མཚོན་པའི་རི་མོ་དེ་དག་སྤྱོད་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་བ་དང་། ལྷག་པར་འཇིག་རྟེན་འདིའི་སྟེང་གནས་པའི་མི་རྣམས་ཀྱིས་བྱ་བ་གལ་ཆེ་ཤོས་ཤིག་ནི་བུ་དང་བུ་མོའི་མི་ཚེའི་འགྲོ་སྟངས་བཟོ་རྒྱུ་དེ་ཡིན་ཅིང་། བོད་དུ་ཡུལ་གྲུ་གཞན་དང་མི་འདྲ་བར་དམིགས་བསལ་གྱི་ཁྱད་ཆོས་ཆེན་པོ་ཞིག་ཡོད་པ་སྟེ། ཆང་སའི་རྟེན་འབྲེལ་གྱི་མཛད་སྒོའི་སྐབས་བུ་དང་བུ་མོའི་དཀར་ཡོལ་གྱི་རི་མོ་དང་།་ ཕྱེ་མར་འདེགས་བྱེད་འབོ་ཡི་རི་མོ། མཆོད་ཆང་ཞུ་བྱེད་དངུལ་རྒྱན་དང་དངུལ་ཕོར་སོགས་ལ་རི་མོ་བཀྲ་ཤིས་རྟགས་བརྒྱད་དང་། འདོད་ཡོན་སྣ་ལྔ། སྟག་སེང་ཁྱུང་འབྲུག་སོགས་དང་ད་དུང་ཁང་པའི་སྒོ་འགྲམ་དུ་ཀ་རག་གིས་རི་མོ་ནོར་བུ་མེ་འབར་དང་། བཀྲ་ཤིས་རྟགས་བརྒྱད། གཡུ་དྲུང་ལ་སོགས་པ་བཀྲ་ཤིས་རྟེན་འབྲེལ་གྱི་རི་མོ་རྣམས་མ་ཚང་བ་མེད་པ་བྲིས་ཏེ། བུ་དང་བུ་མོའི་མི་ཚེ་གཅིག་རིང་ནད་མེད་ཚེ་རིང་དང་། ཕྲུ་གུ་བཟང་པོ་སྐྱེ་བ། བྱ་བ་ལམ་འགྲོ མི་ཚེ་མཐའ་འཁྱོལ་ཡོང་རྒྱུའི་འདུན་པ་ལྷད་མེད་བཅངས་པ་དེ་རྣམས་མཛེས་རིས་དེ་དག་གི་ཐོག་ནས་མཚོན་ཐུབ་པ་བྱེད་ཀྱི་ཡོད། དུས་རྒྱུན་འཚོ་བའི་ནང་རྟེན་འབྲེལ་སྐབས་དང་དགའ་ཉེ་སྤུན་མཆེད་ཕན་ཚུན་མཉམ་འཛོམས་སྐབས་གཞས་དེ་འདྲ་ཞིག་གཏོང་བཞིན་འདུག དཀར་ཡོལ་དཀར་སངས་གཅིག་ལ། །རི་མོ་བཀྲ་ཤིས་རྟགས་བརྒྱད། །དེ་འདྲའི་དཀར་ཡོལ་བསྒྲུབས་ཀྱང་། །རི་མོ་འགྲུབ་ས་མ་རེད་ཅེས་གཞས་ཚིག་འདིའི་ནང་དོན་ནི་མཛེས་རིས་བཀྲ་ཤིས་རྟགས་བརྒྱད་དེ་སྤྱིར་བཏང་གི་མཛེས་རིས་ཤིག་མིན་པ་དང་། དེ་ནི་རྩ་ཆེའི་མཛེས་རིས་ཤིག་ཡིན་ལ་དེའི་ནང་དོན་རྣམས་མཚན་མ་བཟང་བ་དང་རྟེན་འབྲེལ་འགྲིག་པ་གསལ་པོར་མངོན་ཡོད། མཚན་མ་བཟང་བའི་གོ་དོན་ནི་བཀྲ་ཤིས་རྟགས་བརྒྱད་ལ་འགྲེལ་པ་རོབ་ཙམ་ཞུས་ན། ༡.གདུགས་ནི་ཉོན་མོངས་པའི་ཚ་གདུང་སེལ་བར་བྱེད་པ། ༢.གསེར་ཉ་ནི་སྐྱེ་བོ་ཀུན་ལ་ཤེས་རབ་ཀྱི་མིག་སྦྱིན་པར་བྱེད་བེ། ༣. གསེར་གྱི་བུམ་པ་ནི་འཆི་མེད་བདུད་རྩིས་གང་ཞིང་འདོད་རྒུ་ཐམས་ཅད་འབད་མེད་དུ་འཇོ་བ།  ༤.མེ་ཏོག་པད་མ་རབ་ཏུ་མཛེས་ཤིང་དྲི་བཟང་པོ་ཕྱོགས་མེད་འཐུལ་བ།  རྫུན་ངག་ཐམས་ཅད་སྤངས་ཏེ་ཚིག་འཇམ་པོ་སྨྲ་མཁས་པ།   འཆད་རྩོད་ལ་ཐོགས་པ་མེད་པའི་ལྗགས་པད་མ་ལྟ་བུ་འཐོབ་པར་བྱེད་པ།   བཀྲ་ཤིས་དུང་དཀར་གཡས་སུ་འཁྱིལ་བ་བུས་པ་ཙམ་གྱིས་བཀྲ་ཤིས་པའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས་པ།  ༦.མཁྱེན་པ་ཐམས་ཅད་ཀྱི་ཐུགས་ཀྱི་མཚོན་བྱེད་རིན་པོ་ཆེ་དཔལ་བེའུ་འཇའ་འོད་རང་བཞིན་ཅན་མཁྱེན་པ་ཐམས་ཅད་ཐོགས་མེད་མཁྱེན་ཅིང་གཏིང་དཔག་པར་དཀའ་བའི་སྟོབས་ཐམས་ཅད་རང་རྒྱུད་ལ་འཐོབ་པར་བྱེད་པ། ༧.ཕ་རོལ་གྱི་དགྲ་བོ་ཐོམས་ཅད་ལས་རྣམ་པར་རྒྱལ་བའི་རྟགས་སུ་བཀོད་པ་གསེར་གྱི་ཏོག་དང་ལྡན་པའི་རྒྱལ་མཚན་གཟི་བརྗིད་ཤིན་ཏུ་འབར་ཞིང་། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཐུབ་པའོ། ༨. གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཞན་གྱི་སྟོབས་རྣམས་འཕྲོག་ཅིང་། རང་གི་དཔལ་དང་ལོངས་སྤྱོད་སྙན་གྲགས་དབང་ཐང་ཐམས་ཅད་བསྐྱེད་པའི་དོན་མཚོན་ཡོད་པས་ཀུན་གྱིས་བཀྲ་ཤིས་པའི་རྟགས་སུ་འཛིན་པའོ།   

            བོད་མི་རིགས་ནི་སངས་རྒྱས་ཆོས་ལུགས་ལ་དད་པ་ཆེ་ཞིང་། ཆོས་དང་འབྲེལ་བའི་རྟེན་འབྲེལ་མཚོན་པའི་རི་མོ་སྤྱི་དང་བྱེ་བྲག་སྒྱུ་རྩལ་ལ་ཤིན་ཏུ་དགའ་བའི་མི་རིགས་ཤིག་ཡིན། སྔར་གྱི་མེས་པོ་ཚོས་དད་གུས་མཚོན་བྱེད་དུ་སངས་རྒྱས་ཀྱི་སྐུ་བརྙན་གྱི་བཞུགས་ཁྲིའི་རྒྱབ་ལྗོངས་སུ་ཁྲི་དྲུག་འགྱོགས་ཞེས་པ་བཀོད་པ་མཛེས་ཤིང་ངོ་མཚར་ཆེ་བ། བཟོ་བཀོད་རྣམ་པར་བཀྲ་བའི་མཛེས་རྒྱན་སྤྲས་པ་དེ་ནི་མཛེས་རྒྱན་ཁོ་ནའི་དོན་མ་ཡིན་པར། དེ་ལ་ཕྱིན་དྲུག་གི་ངོ་བོ་མཚོན་པའི་འགྲེལ་པ་དང་། གཟུགས་ཀྱི་ཁྱད་ཆོས་ལ་བརྟེན་པའི་རྒྱན་གྱི་འགྲེལ་པ་རིགས་གཉིས་སུ་སྣང་། དེ་ཡང་ཕྱིན་དྲུག་གི་ངོ་བོ་མཚོན་པ་ནི། སྤྱི་གཙུག་གི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན་པར་ཁྱུང་སྟེ།   ཁྱུང་ར་ནོར་བུས་བརྒྱན་ཅིང་སྦྲུལ་ཟ་བ། དེའི་གཡས་གཡོན་གཉིས་སུ་དེ་ལས་དམའ་ཙམ་གྱི་གནས་སུ་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ངོ་བོ་མཚོན་པ་ཀླུ་ཕྲུག་སྦྲུལ་གྱི་མཇུག་མ་ཅན། དེའི་འོག་གི་ཕྱོགས་གཉིས་ཀྱི་གདུང་ནོར་བུས་སྤྲས་པའི་སྟེང་དུ། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའི་ངོ་བོ་མཚོན་པ་ཆུ་སྲིན་པ་ཏྲའི་མཇུག་མ་ཅན།   དེའི་འོག་གཉིས་སུ་བརྩོན་འགྲུས་ཀྱི་ཕ་རོལ་ཕྱིན་པའི་ངོ་བོ་མཚོན་པ་བུ་ཆུང་ཤིང་ལོ་གྱོན་པ། དེའི་འོག་ཏུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན་པ་ཤ་ར་བྷ་བསེ་ཁ།  དེའི་འོག་ཏུ་བཟོད་པའི་ཕ་རོལ་དུ་ཕྱིན་པའི་ངོ་བོ་མཚོན་པ་གླང་པོ་ཆེ་རིན་པོ་ཆེའི་བརྒྱན་གྱི་སྤྲས་པའོ། གཟུགས་ཀྱི་ཁྱད་ཆོས་ལ་བརྟེན་པའི་རྒྱན་དྲུག་ནི། བྱ་རྒྱལ་ཁྱུང་ཆེན་བརྗིད་ཅིང་ཉམས་དང་ལྡན་པ། དེའི་འོག་གཡས་གཡོན་གཉིས་སུ་ཀླུའི་བུ་མོ་མཚར་སྡུག་ལང་ཚོའི་དཔལ་དང་ལྡན་པ། དེའི་འོག་གི་གཡས་གཡོན་གཉིས་ཀྱི་རིན་པོ་ཆེའི་ཕྲ་ཚོམ་སྤྲས་པའི་གདུང་མའི་སྟེང་དུ་ཆུ་སྲིན་མཇུག་མ་པ་ཏྲས་བརྒྱན་པ། དེའི་འོག་གི་གཡས་གཡོན་གཉིས་སུ་ལྷའི་བུ་ཆུང་རི་དྭགས་བསེ་ལ་བཅིབས་ཤིང་གདུང་མ་འདེགས་པ། དེའི་འོག་གི་གཡས་གཡོན་གཉིས་སུ་རི་དྭགས་ཀྱི་རྒྱལ་པོ་སེང་གེ་སྦར་ཁྱིམ་དང་ལྡན་པ། དེའི་འོག་གི་གཡས་གཡོན་གཉིས་སུ་སྟོབས་དང་ལྡན་པའི་གླང་པོ་ཆེ་བྲིས་ཡོད་པས། སྲོག་ཆགས་དེ་དག་གཟུགས་རིས་མཛེས་ལ་གོ་རིམ་མ་འཛོལ་བ་ཆེ་ཆུང་སྙོམས་པ་སོགས་ཀྱི་ཁྱད་ཆོས་ལྡན། ཁྲི་འདིའི་སྟེང་གི་དང་པོར་བྱ་ཁྱུང་གི་གཟུགས་བཀོད་པ་ནི། གནའ་རབས་སུ་བྱ་ཁྱུང་ནི་བྱ་གཏུམ་དྲག་ཅན་ཞིག་ཡིན་ལ། བྱ་ཐམས་ཅད་ཀྱི་ནང་ནས་བྱ་ཡི་རྒྱལ་པོ་ལྟ་བུ་ཡིན་སྟབས། བྱ་ཁྱུང་དེ་ཁྲིའི་ཏོག་གི་བརྒྱན་དུ་བཀོད་ཡོད། སྟེང་གི་གཉིས་པར་ཀླུའི་བུ་མོའི་གཟུགས་བཀོད་པ་ནི། དུས་རྒྱུན་སྒྲུང་གཏམ་དང་དཔེ་ཆ་ཁ་རྒྱུན་བཅས་ཀྱི་ནང་མཛེས་མ་ཐམས་ཅད་ནང་ནས་ཀླུ་ཡི་བུ་མོ་ལས་མཛེས་པ་མེད་ཅེས་ཟེར་སྲོལ་ཡོད་སྟབས། ཀླུ་ཡི་བུ་མོ་ནི་ཁྲི་འདིའི་སྟེང་མཛེས་པའི་བརྒྱན་དུ་བཀོད་ཡོད། སྟེང་གི་གསུམ་པ་ཆུ་སྲིན་གྱི་གཟུགས་བཀོད་པ་ནི། ཆུ་སྲིན་ནི་མཐའ་ཡི་རྒྱ་མཚོའི་ནང་གནས་པའི་སྲོག་ཆགས་འཇིགས་སུ་རུང་བ་ཞིག་ཡིན་ཅིང་། ད་དུང་སྲོག་ཆགས་དེའི་ཚོན་མདོག་ངན་ལ་མཇུག་མ་རིང་ཙམ་ཡོད་པས་ཁོ་པའི་མཇུག་མར་པ་ཏྲས་བརྒྱན་པར་བརྟེན། ཆུ་སྲིན་ནི་པ་ཏྲའི་བརྒྱན་དུ་བཀོད་ཡོད། བར་གྱི་བཞི་པ་ལྷའི་བུའི་གཟུགས་བཀོད་པ་ནི། ལྷའི་བུ་ནི་མཚར་སྡུག་དང་ལྡན་ཅིང་། སྤྱང་གྲུང་དོད་ལ་མངོན་ཤེས་དང་ལྡན་པ་ཞིག་ཡོད་པས། ལྷའི་བུ་ཆུང་ནི་བྱ་རའི་བརྒྱན་དུ་བཀོད་ཡོད། བར་གྱི་ལྔ་པ་གངས་སེང་གི་གཟུགས་བཀོད་པ་ནི། གངས་སེང་ནི་གནའ་རབས་བོད་གངས་ཅན་གྱི་ས་མཐོར་གནས་པའི་སྲོག་ཆགས་རྩ་ཆེན་ཞིག་ཡིན་ཁར། སྲོག་ཆགས་དེ་ནི་གཡུ་ཡི་རལ་པ་ཅན་ཞིག་ཡིན་པ་ཟེར་སྲོལ་འདུག་པས། སེང་གེ་ནི་གཡུ་རལ་གྱི་བརྒྱན་དུ་བཀོད་ཡོད། འོག་དྲུག་པ་གླང་པོ་ཆེའི་གཟུགས་བཀོད་པ་ནི།  གླང་པོ་ཆེ་ནི་ནགས་ཚལ་སྟུག་པོའི་ནང་གནས་པའི་སྲོག་ཆགས་སྟོབས་ཤུགས་དང་ལྡན་པ་ཞིག་ཡོད་པར་བརྟེན། གླང་པོ་ཆེ་འདི་ཁྲིའི་འོག་ཏུ་བྲིས་ནས་ཤུགས་སྟོབས་མངོན་པར་བྱས་ཡོད་ལ།  གླང་པོ་ཆེ་འདི་ཁྲིའི་སྟོབས་ཀྱི་བརྒྱན་དུ་བཀོད་ཡོད། ཁྲི་འདིའི་སྟེང་གཟུགས་ཀྱི་བཀོད་པ་ཚང་མར་མཛེས་རྒྱན་སྤྲད་ཡོད་ཀྱང་། ལྷག་པར་དེའི་ནང་ནས་གཟུགས་འགྱུར་མཛེས་རྒྱན་ཐད་དམིགས་གསལ་གྱི་ཁྱད་ཆོད་ཡོད་པ་ནི་ཆུ་སྲིན་དེ་ཡིན་ཅིང་། ཆུ་སྲིན་ནི་དེང་སྐབས་མེས་རྒྱལ་ནང་ཁུལ་གྱི་སྲོག་ཚགས་གླིང་གའི་ནང་ཡོད་པའི་སྲོག་ཆགས་རྒྱ་སྐད་དུ་ཨཱ་ཡུལ་ཟེར་བ་དེ་ཡིན།  སྲོག་ཚགས་འདི་རང་ཉིད་ནས་དངོས་སུ་མཐོང་བའི་སྐབས་དང་དུས་རྒྱུན་བོད་ནང་ཤོ་ཟེར་བའི་རྩེད་མོ་རྩེད་པའི་སྐབས་ཤོ་བཤད་དེ་འདྲ་གཏོང་སྲོལ་ཡོད། ཆུ་སྲིན་ཞེས་པའི་མགོ་ལེབ་ཁྱོད།   རྒྱ་མཚོ་དཀྲུག་མཁན་གཏེ་པོ་རེད་ཅེས་བརྗོད་པའི་དོན་དང་དངོས་སུ་མཚུངས་བཞིན་འདུག   སྲོག་ཆགས་དེ་ནི་མགོ་ལེབ་ཞིང་། ཁ་ཆེ་བ། ཚོས་མདོག་དང་གཟུགས་དབྱིབས་སྡུག་པ་མི་རྣམས་ནས་མཐོང་བའི་སྐབས་སྐྱུགས་བྲོ་བ་ཞིག་དང་། སྐད་ཤུགས་དྲགས་པོ་རྒྱག་པའི་སྐབས་ཚང་མ་སྐྲག་འགྲོ་བ་དང་རྔམ་ཟིལ་ལྡན་པ་ཞིག་འདུག་སྟེ། ད་ཚོའི་སྔར་རྒྱུ་མེས་པོ་རི་མོ་མཁས་ཅན་གྱིས་ཚོས་མདོག་ངན་པའི་སྲོག་ཆགས་འདི་ལྟ་བུ་ཞིག་ལ་པ་ཏྲ་སོགས་ཀྱིས་བརྒྱན་ནས་མཛེས་བཟོ་བྱས་པར་བརྟེན། མི་རྣམས་ཆུ་སྲིན་གྱི་གཟུགས་རིས་མཐོང་བའི་སྐབས་དགའ་པོ་བྱེད་པའི་ཁར་ད་དུང་ཆུ་སྲིན་གྱི་གཟུགས་བཀོད་འདི་ཁྲི་སྟེང་གཅིག་པུ་མ་ཡིན་པར་དགོན་སྡེ་ཁག་གི་རྒྱ་ཕིབས་ཀྱི་ཟུར་དང་། ཐང་ག ལྡེབས་བྲིས་སོགས་ནང་སྲོག་ཆགས་དེ་མང་པོ་འབྲི་སྲོལ་ཡོད་ཅིང་། གོང་གསལ་རི་མོ་དེ་དག་གི་ཐོག་ནས་བོད་ཀྱི་རི་མོའི་འབྲི་སྲོལ་གཟུགས་འགྱུར་མཛེས་བཟོ་སྟོན་པའི་སྒྱུ་རྩལ་གྱི་ཆུ་ཚད་དེ་རང་རེའི་རི་བོ་ཧི་མ་ལ་ཡ་དང་འདྲ་ཞིང་།  འཛམ་བུ་གླིང་འདིའི་སྟེང་གཟེངས་སུ་ཐོན་ཐུབ་ཡོད། སྤྱིར་མཛེས་རིས་ཐམས་ཅད་མཛེས་རྒྱན་གྱི་ཁོངས་སུ་གཏོགས་ཀྱང་། བོད་ཀྱི་མཛེས་རིས་དེ་རྣམས་མཛེས་རྒྱན་རྐྱང་པ་མ་ཡིན་པར་དེར་གོ་དོན་མང་ཆེ་བ་བཀྲ་ཤིས་རྟེན་འབྲེལ་གྱི་ཁྱད་ཆོས་ལྡན་པའི་མཛེས་དོན་གཉིས་མཚུངས་ཀྱི་དམིགས་གསལ་མཛེས་རིས་ཤིག་ཡིན། དེར་བརྟེན་དེང་སྐབས་བོད་ནང་དུ་ཡོད་པའི་བོད་ཀྱི་མཛེས་རིས་འབྲི་མཁན་ཕུད། ད་དུང་མཛེས་རིས་ཆེད་ལས་གཞན་རྣམས་ཀྱིས་ཀྱང་བོད་ཀྱི་མཛེས་རིས་དེ་དག་གི་ནང་ནས་ལེགས་ཆ་བླངས་ཏེ་རང་ཉིད་ཀྱི་ཆེད་ལས་རི་མོ་དང་མཉམ་དུ་བསྲེས་ནས་རི་མོ་དེ་རྣམས་བོད་ཀྱི་ཁྱད་ཆོས་ཡོད་པ་ཞིག་འབྲི་མཁན་ཀྱང་མང་ངོ་། ལྷག་པར་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་རྒྱལ་ཡོངས་གང་སར་ལག་བསྟར་བྱས་པ་དང་། བོད་ལ་ཡང་སྲིད་ཇུས་ལྷུག་གཏོང་གི་མཛད་ཕྱོགས་ལག་བསྟར་གནང་བར་བརྟེན། བོད་མི་དམངས་ཀྱི་དཔལ་འབྱོར་ཉིན་རེ་བཞིན་མ་བསྡད་པར་ཡར་རྒྱས་ཕྱིན་ནས་ཁྲོམ་རའི་འགྲན་རྩོད་ནང་ཞུགས་ཐོག་བོད་ཀྱི་མཛེས་རིས་དེ་ཡང་སྔར་དང་མི་འདྲ་བར་འབྲི་སྲོལ་དར་ཁྱབ་ཤུགས་ཆེར་ཕྱིན་ཏེ། དེང་སྐབས་བོད་ནང་ཁུལ་གྱི་མགྲོན་ཁང་ཆེ་ཁག་དང་། ཚོགས་ཁང་། ཁྱིམ་ཚང་སོགས་ཕྱོགས་གང་སར་མཛེས་བརྒྱན་སྤྲོད་པར་མཛེས་རིས་དེ་རྣམས་བེད་སྤྱོད་ཤུགས་ཆེན་བྱས་པ་མ་ཟད། མེས་རྒྱལ་ནང་ཁུལ་གྱི་མགྲོན་ཁང་ཁག་ཅིག་ལའང་བོད་ཀྱི་ཁྱད་ཆོས་ལྡན་པའི་མཛེས་རིས་དེ་རྣམས་ཀྱིས་མཛེས་བརྒྱན་སྤྲས་པ་དེ་དག་ལ་ཕྱོགས་ཀུན་ནས་དགའ་པོ་བྱེད་པའི་གནས་ཤིག་ལ་འགྱུར་ཐུབ་ཡོད།། ལྷག་པར་དུ་བོད་ལ་ཡུལ་སྐོར་སྤྲོ་འཆམ་ཕེབས་མཁན་རྒྱལ་སྤྱི་རྒྱལ་ནང་གི་སྐུ་མགྲོན་རྣམ་པ་ཚོས་དགའ་པོ་བྱེད་པའི་རི་མོའི་སྒྱུ་རྩལ་ཞིག་ལ་འགྱུར་བ་མ་ཟད། ཁོང་རྣམ་པས་དྲན་རྟེན་དང་གྲོགས་པོ་གྲོགས་མོར་ཕྱག་རྟགས་འབུལ་བྱེད་མཛེས་རིས་དེ་རྣམས་མངགས་ཉོ་གནང་མཁན་ཀྱང་མང་པོ་ཡོད་པའི་ཁར། རྒྱལ་སྤྱི་རྒྱལ་ནང་གི་མཛེས་རིས་ཕྱག་ལས་གནང་མཁན་ཚོས་བོད་ཀྱི་མཛེས་རིས་དེ་དག་ལ་ཞིབ་འཇུག་དང་སློབ་སྦྱོང་གནང་མཁན་ཀྱང་ཇེ་མང་དུ་འགྲོ་བཞིན་འདུག་པས། ང་ཚོས་ཀྱང་མེས་པོ་དམ་པས་མཛད་པའི་རི་མོའི་རིག་པའི་གཞུང་ལུགས་དང་ལྷ་སྐུའི་འབྲི་སྲོལ་གྱི་ཕྱག་རྒྱུན་དེ་ཉམས་མེད་རྒྱུན་འཛིན་བྱས་ཐོག རི་མོའི་འབྲི་ལུགས་བོད་རང་གི་ཁྱད་ཆོས་བཞིན་རང་སོར་བཞག་ཐོག་བརྩམས་བྱ་གསར་པ་གསར་གཏོད་བྱ་རྒྱུ་ནི་གལ་འགངས་ཆེ་བ་ཞིག་འདུག་པས་སླད་ང་ཚོའི་དགེ་སློབ་ཚང་མའི་ཐུགས་ལ་དགོངས་འཇགས་འཚལ་ཞེས་དང་སླར་ཡང་ང་ཚོའི་མེས་པོ་བཀའ་དྲིན་ཅན་རྣམས་ལ་གུས་པས་སེམས་ཀྱི་གཏིང་ནས་གུས་ཕྱག་འབུལ་ལོ། །   

(དཔྱད་རྩོམ་འདི་ཉིད《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》2001ལོའི་དུས་དེབ་དང་པོར་བཀོད།)


  • ལེ་ཚན་སྔོན་མ།:༄༅།། རྒྱ་བོད་ཡིག་སྒྱུར་ཁྲོད་དུ་ཕྱི་དར་མིང་ཚིག་སྒྲ་རང་སོར་འཇོག་པའི་སྒྱུར་ཐབས་སོགས་དང་འབྲེལ་བའི་དཔྱད་པ།
  • ལེ་ཚན་རྗེས་མ།:བོད་ཀྱི་རྒྱན་རིས་ཀྱི་ཁྱད་ཆོས་དང་མཚོན་དོན་སྐོར་ལ་རགས་ཙམ་དཔྱད་པ།
  • དོ་སྣང་ཆེ་བའི་རྩོམ།