སྙན་ངག་གསར་རྩོམ་གྱི་མྱོང་ཚོར་དུས་རབས་ཀྱི་རླུང་།

དབལ་ཤུལ་རང་བྱུང་།        2015-03-31

སྙན་ངག་ཅེས་པ་ནི་ང་ལ་མཚོན་ན་ཤིན་ཏུ་ཐག་རིང་བའི་གནས་ཤིག་སྟེ། ལོ་འདི་དག་ལ་སྙན་ངག་ཁོ་ན་བཙལ་ནས་ད་དུང་ཅི་ཡང་མ་རྙེད་པར་བསྡད་ཡོད་ཅེས་བཤད་ན་ཆོག་ཆོག་ཡིན།
ང་རང་སློབ་ཆུང་དུས་ནས་སྙན་ངག་ལ་དགའ་པོ་ཡོད་དེ། ཡུལ་ཚོའི་སློབ་ཆུང་ནས་རྫོང་གྲོང་གི་སློབ་ཆུང་དུ་ཞུགས་རྗེས་སྙན་ངག་པ་འཇུ་སྐལ་བཟང་ལགས་ཀྱི་གངས་འདབས་ཀྱི་སེམས་པ་ཞེས་པའི་སྙན་དེབ་དེ་ལག་སོན་བྱུང་བས།ཉིན་མཚན་ཀུན་ཏུ་སྙན་དེབ་དེར་བལྟ་ཀློག་བྱས་ཏེ། སློབ་ཐུན་གྱི་བར་གསེང་ཀུན་ཏུ་དེབ་ཆུང་དེ་ལག་ནས་བྲལ་མ་མྱོང་ཞིང་། ནམ་ཞིག་ལ་འཇུ་སྐལ་བཟང་ཞེས་པའི་རྩོམ་པ་པོ་དེ་དངོས་སུ་མཇལ་ཨེ་ཐུབ་ཀྱི་རྨི་ལམ་ལྟ་བུའི་རེ་བའང་ཡོད་མྱོང་། འདི་ལྟར་སློབ་ཆུང་ནས་མགོ་བརྩམས་ཏེ་ལད་མོའི་རང་བཞིན་གྱི་སྙན་ངག་རེ་འབྲི་སྦྱོང་བྱས་པ་ཡིན། དམའ་འབྲིང་དང་མཐོ་འབྲིང་གི་སྐབས་སུ་དགེ་རྒན་བཟང་པོའི་བཀའ་དྲིན་གྱིས་སྙན་ངག་གི་ཚིག་རྒྱན་སོགས་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་པ་དང་། སྤྱི་ལོ༢༠༠༣ལོར་བདག་གི་སྦྱངས་རྩོམ་བདམས་བསྒྲིགས་ཀྱི་སྙན་དེབ་ཐོག་མ༼ དུངས་ཞེན་དཀར་པོ ༽སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པ་ཡིན།  སྙན་དེབ་དེ་ནི་མཐོ་འབྲིང་སྐབས་ཀྱི་སྦྱངས་རྩོམ་ཁོ་ན་ཡིས་གྲུབ་པ་ཡིན་ལ།སྐབས་དེར་མཐོ་འབྲིང་མཐར་ཕྱིན་མ་ཐག་པའི་རྒོད་པོ་མཐུར་ཤོར་ལྟ་བུའི་སློབ་རའི་ན་གཞོན་གྱི་སེམས་ཤུགས་ཆེ་དྲག་པས་འཚབ་འཚུབ་ཏུ་པར་བསྐྲུན་བྱས་པའང་ཡིན་པས། བརྗོད་བྱ་དང་རྗོད་བྱེད་གང་ཅིའི་ཐད་ནས་ཧ་ཅང་ངོ་གནོང་དགོས་པ་ཞིག་ཡིན་ཡང་། སྐབས་དེར་ཕ་ཡུལ་ཕྱོགས་ཀྱི་རྩོམ་རིག་གི་ཁོར་ཡུག་མག་མོག་ཡིན་པ་དང་། རྩོམ་རིག་གསར་རྩོམ་གྱི་མྱུ་གུ་ཆེས་ཆེར་རྒྱས་ཐུབ་མེད་པའི་དུས་སྐབས་དེར་མཚོན་ན། སྤུས་ཚད་དེ་ཙམ་མི་ལེགས་པའི་སྙན་དེབ་དེས་ཀྱང་རང་གི་ཁོར་ཡུག་གི་ན་གཞོན་གང་མང་ལ་རྩོམ་འབྲིའི་སྐུལ་མའམ་སྒུལ་ཤུགས་གང་ནུས་རེ་ཐོན་ཡོད་པ་ནི་སྙན་དེབ་དེ་པར་བསྐྲུན་གྱི་གྲུབ་འབྲས་དང་རྒྱལ་ཁ་ཞིག་ཏུ་ངོས་བཟུང་ཡོད་ལ།   དེ་ནས་བཟུང་སྙན་ངག་ནི་ངའི་འགྲོ་རོགས་དང་འདུག་རོགས་ལྟ་བུར་གྱུར་སོང་།
ལོ་ཟླ་ཁད་ཀྱིས་བཞུར་ཡང་། བདག་གི་གཤིས་སྤྱོད་དང་གོམས་སྲོལ་ནི་ཅི་ཙམ་རྣམ་གཡེང་དང་ལེ་ལོས་བཅིངས་ནས་ཡོད་ཀྱང་། སྙན་ངག་འབྲི་བའི་འདུན་པ་དང་དགའ་ཕྱོགས་ནི་ནམ་ཡང་དོར་མྱོང་མེད། དུས་གཏན་དུ་དགུ་ཚིགས་བཞིན་འགྱུ་བའི་འཆར་སྣང་གི་ཀློང་ནས་སྙན་ངག་གི་སྐར་འབྲུ་རེ་རེས་འོད་ཀྱི་བཀྲག་མདངས་རེ་ངོམ་ཨེ་ཐུབ་ཀྱི་འབད་པ་བགྱིད་བཞིན་ཡོད་ལ། དེ་ནི་དུས་རབས་གསར་བའི་བོད་ཀྱི་རྩོམ་རིག་གི་ཞིང་ས་ཡངས་པོར་ཕྱེས་ཏེ་ཁ་དོག་སྣ་མང་གི་སྙན་ངག་རེ་རེ། སྐར་ཚོགས་ཀྱི་མདངས་ཀྱིས། ཆུ་སྐྱེས་ཀྱི་ཟོལ་གྱིས་མི་སེམས་ནས་མི་སེམས་སུ་འཇགས་ཨེ་ཐུབ་ཀྱི་མཐར་ཐུག་གི་དམིགས་ཡུལ་ངོ་མ་དེ་ཡིན།
སྙན་ངག་ནི་ན་ཟུག་ཅིག་སྟེ། ཤ་རུས་ཁྲག་གསུམ་གྱི་སྦུབས་སུ་འཐིམ་པའི་ཟུག་གཟེར་ཞིག་གམ་སྙིང་གི་ཟབ་ས་ནས་འཕྱུར་བའི་ངུད་མོ་ཞིག་ཀྱང་རེད། སྙན་ངག་ཅེས་པ་ནི་མིའི་བསམ་བློའི་གཏིང་རིམ་དུ་དྲག་ཏུ་གདུ་བའི་ཚོར་ཤེས་ཀྱི་འགྱུ་བ་སྐད་ཅིག་མ་ཞིག་ཏུ་ངོས་བཟུང་ན་ཆོག་པར་སྙམ་ལ། ངས་སྙན་ངག་འབྲི་བ་ནི་ངའི་བླ་སྲོག་གིས་བསྒུལ་བའི་སྣང་བའི་རྒྱུད་སྐུད་ཀྱི་སྒྲ་སྐད་རྐྱང་རྐྱང་དེ་ཡིན་ཞིང་། སེམས་ཀྱི་སྐད་འབོད་གློ་བུར་བ་ཞིག་དུས་ཀྱིས་ཚད་བཀག་མེད་པར་ཕྱི་རུ་བཏོན་པ་དེ་ཡིན། དེ་ནི་རང་དབང་གི་བདེ་སྣང་ཟད་མེད་ཅིག་ཏུ་ངོས་འཛིན་བཞིན་ཡོད།
འཇིག་རྟེན་གྱི་དགེ་སྐྱོན་གླེང་བ་དང་འཚོ་གཞིས་ཀྱི་བདེ་སྡུག་མོལ་བ་ནི་སྙན་ངག་པའི་སེམས་ཁམས་བཞུར་སྟངས་ཤིག་སྟེ། ཕྱི་རོལ་གྱི་ཁངས་སྐྱ་རླུང་གིས་དེད་ཚུལ་དང་བརྩེ་དུང་གི་ཆེད་དུ་མིག་ཆུ་འཐོར་ཚུལ་ནི་སྙན་ངག་པའི་ཚོར་བ་དམར་རྗེན་དུ་འགྱུ་སྟངས་ཤིག་རེད།
སྙན་ངག་ཟེར་ཡ་ལ་མ་གཞི་ནས་མིའི་གཉུག་གཤིས་ཀྱི་ཚོར་བ་སྐྱོམ་པོ་ཞིག་བློང་བློང་དུ་ཆགས་ཡོད་པར་འདོད་ལ། ཁོ་བོའི་སྒེར་ཚུགས་ཀྱི་བློ་གྲོས་བསྐྱེད་པའི་རྣོ་དབལ་གྱི་སོ་ཁ་དེ་ནི་སྙན་ངག་གིས་ཡང་ཡང་བརྡར་བའི་སྒྱུ་རྩལ་གྱི་རྣོ་སོ་དེ་ཅི་ལ་མིན། མི་གཞིའི་རང་འོད་ལ་གསལ་ཁ་འདོན་པའི་སྙན་ངག་གི་གྲིམ་ལྷོད་རན་པའི་འགྱུར་དབྱངས་རེ་རེས་ང་ཡི་འཇིག་རྟེན་ལ་མཛེས་སྡུག་རྙིང་མི་སྲིད་པ་ཞིག་བསྣན་ཡོད།
   རྩོམ་རིག་གི་ལམ་ཁ་ནི་སྐབས་རེར་འཇམ་མཉེན་གྱི་རྩྭ་ལྗང་དང་མཚམས་རེར་ཚ་མུག་མུག་གི་ཚེར་མས་གང་ནས་ཡོད། འོན་ཀྱང་དེ་ནི་ཆེས་རྒྱུན་ལྡན་ཞིག་སྟེ། བསམ་བློའི་ཉིན་སྲིབ་མི་འདྲ་བའི་མི་ཡུལ་གྱི་རི་རྒྱུད་འདི་ནས་ང་ཚོ་ནི་ལུང་ཤུར་དུ་ཉུལ་བའི་རྔོན་པ་ཆུང་ཆུང་ཞིག་ཅིས་ཀྱང་ཡིན་དགོས།
   སྙན་ངག་གི་མཐར་ཐུག་ནི་དུས་རབས་ཤིག་གི་སྐད་ཆའི་སྙིང་པོ་རུ་སྤྲུལ་ཏེ། སྐབས་དོན་ཞིག་གི་ར་སྤྲོད་དུ་བཞེངས་དགོས་པ་དེ་ཡིན་པར་སེམས། དེ་ནི་མིག་ཆུ་ཙམ་དང་སྨྲེ་སྔགས་ཙམ་ག་ལ་ཡིན། དེ་ནི་སྙན་ངག་པའི་སེམས་ཀྱི་གཏིང་རིམ་ནས་བཞུར་ཡོང་བའི་ཚོར་བ་དམར་པོའི་བསྐྱོམས་སྒྲ་དེ་ཡིན་ནོ།།
  • ལེ་ཚན་སྔོན་མ།:རང་ལ་བལྟས་པ།༼གསར་རྩོམ་གྱི་མྱོང་ཚོར་དང་འབྲེལ་བའི་གཏམ།༽
  • ལེ་ཚན་རྗེས་མ།:ལྷུག་རྩོམ་གླེང་བའི་གཏམ།
  • དོ་སྣང་ཆེ་བའི་རྩོམ།