དོན་འགྲུབ་བཀྲ་ཤིས། ༼ ལི་ཐང་། ༽ 2017-12-01
རྒྱལ་བའི་སྲས་མཆོག་མི་ཡི་གཟུགས་འཛིན་པ།།
ཚངས་སྤྱོད་དབྱངས་ཀྱི་དབང་ཕྱུག་མགོན་དེ་ཡི།།
ངོ་མཚར་གསང་བའི་རྣམ་ཐར་རྒྱ་མཚོ་ལས།།
ཐིགས་པའི་ཆ་ཙམ་བྱིས་པའི་བློ་ཡིས་དཔྱད།།
དེ་ཡང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ཁམས་ལི་ཐང་ན་ཕེབས་སྐབས་ཀྱི་ལོ་རྒྱུས་ཡ་མཚན་ཅན་དེའི་སྐོར་ཅུང་དཔྱད་པ་ཁྱེའུ་རང་བློའི་འཇའ་རིས་ཞེས་པའི་གཏམ་ཐུང་འདི་ནི་ཏང་སྲིད་བཟང་པོ་དང་ཡང་དག་པའི་དབུ་ཁྲིད། འབྲེལ་ཡོད་སྡེ་ཁག་གི་མི་སྣའི་སྐུ་དྲིན་འོག་ལས་བྱུང་བའི་སྐབས་དང་པོ་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་ཞེས་པའི་གོ་སྐབས་བཟང་པོ་དང་བསྟུན་ཏེ་ཐོག་མར་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་སྐུ་ཚེའི་སྟོད་ཀྱི་ལོ་རྒྱུས་ཉུང་བསྡུས་དང་། གཉིས་པ་སྐུ་ཉིད་ཁམས་ལི་ཐང་ན་ཕེབས་སྐབས་ཀྱི་ལོ་རྒྱུས་ཡ་མཚན་ཅན་དེ་ལས་འཕྲོས་ཏེ་མིའི་རིགས་ཀྱི་རྣམ་ཤེས་དེ་ཉིད་གནས་ས་ཀླད་པ་ཡིན་མིན་སྐོར་བྱིས་བློའི་འཇའ་རིས་ལྟར་རང་ཉིད་ཀྱི་སྣང་ཚུལ་ཉུང་བསྡུས་གཉིས་སུ་འདུ།
དང་པོ། དེ་ལས་དང་པོ་རྒྱལ་བ་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཆོག་ནི། བཀའ་ཐང་སྡེ་ལྔ་ལས། ཨུ་རྒྱན་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཞིག གཏད་པའི་ལས་ཅན་ཆུ་ཁམས་ཆུ་མོ་ཕག བསྟན་པའི་བདག་པོ་ཨུ་རྒྱན་གླིང་པ་འབྱུང་ཞེས་བསྟན་པ་ལྟར་ཡབ་རིག་འཛིན་པད་མ་གླིང་པའི་ཡང་ཚ་རིག་འཛིན་བཀྲ་ཤིས་བསྟན་འཛིན་དང་ཡུམ་རྒྱལ་རིགས་ཚེ་དབང་ལྷ་མོ་གཉིས་ཀྱི་སྲས་སུ་ཆུ་ཕག་ལོ་སྟེ་སྤྱི་ལོ་༡༦༨༣ལོར་ད་ལྟ་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་གི་ཁོངས་གཏོགས་སྣ་ལ་འོག་ཡུལ་གསུམ་ཨུ་རྒྱན་གླིང་གྲོང་གི་ས་ཆར་ངོ་མཚར་ལྟས་དང་བཅས་སྐུ་འཁྲུངས་ཤིང་ལོ་སྐོར་གཅིག་ལྷག་རིང་ལ་རང་ཡུལ་ན་བཞུགས་ཡོད་དེ། མཚོ་སྣ་རྫོང་གི་ལོ་རྒྱུས་ལས།༡༦༨༩་ལོ་ནས་༡༦༩༥ལོའི་བར་མཚོ་སྣ་གྲོང་དཔག་བསམ་དགོན་དང་། ༡༦༩༥ལོ་ནས་༡༦༩༧ལོའི་བར་དགོན་རྩེ་དགོན་གཉིས་ལ་སྔ་ཕྱི་ལྟར་གསན་སྦྱོང་བྱས་ཞེས་འདུག དེ་ནས་དགུང་གྲངས་བཅོ་ལྔའི་སྟེང་ཆོས་ཀྱི་ཁྲི་ཆེན་མོར་མངའ་གསོལ་བ་སྟེ། གསང་རྣམ་ལས། དབང་ཕྱུག་ཅེས་པ་མེ་གླང་ལོའི་ཟླ་༡༠པའི་ཚེས་༢༥ཉིན་རང་ལོ་བཅོ་ལྔ་སྟེང་གདན་སར་ཕེབས་པ་ཡིན།ཞེས་ཕོ་བྲང་ཆེན་མོ་པོ་ཏ་ལའི་འཆི་མེད་གཡང་ཁྱིམ་དུ་གདན་དྲངས་ཏེ་ཆོས་ཀྱི་ཁྲི་ཆེན་མོར་མངའ་གསོལ་བའི་མཛད་སྒོ་རྒྱ་ཆེན་བྱས། སྐབས་དེ་དུས་མི་སྣ་གཙོ་བོ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དང་དགེ་སློང་འཇམ་དབྱངས་གྲགས་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། དར་མོ་བ་བློ་བཟང་ཆོས་གྲགས་སོགས་ཀྱིས་གཙོར་བྱས་པའི་དགེ་འདུན་པ་རྒྱ་མཚོ་ལྟར་མཆིས། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དང་ཁྲི་རིན་པོ་ཅོ་ནེ་ཚུལ་ཁྲིམས་དར་རྒྱས། མངའ་རིས་ཞལ་སྔ་ནས་རྗེ་དགེ་ལེགས་རྒྱ་མཚོ་སོགས་ཞྭ་སེར་ཅོ་པན་འཛིན་པ་དུ་མའི་མདུན་ནས་ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་རིས་མེད་ཀྱི་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད་ལུང་མན་ངག་སོགས་མདོ་སྔགས་ཀྱི་ཆོས་མཐའ་དག་ཕྱོགས་རིས་མེད་པར་གསན། ཁྱད་པར་དུ་དགེ་སློང་འཇམ་དབྱངས་གྲགས་པ་རྩ་བའི་བླ་མར་བསྟེན་ནས་ལོ་གསུམ་གྱི་རིང་མདོ་སྔགས་སྤྱི་ལ་གསན་པ་དྲག་པོ་མཛད་པ་དང་བཀའ་འགྱུར་གྱི་ལུང་ཚར་གཅིག སྡེ་སྲིད་ཀྱི་མདུན་ནས་ཚར་གཅིག་བཅས་གསན་པར་མཛད། སྐབས་དེར་སྡེ་སྲིད་དང་ལྷ་བཟང་གཉིས་ཀྱི་བར་ན་འཁྲུགས་རྩོད་ཆེར་སོང་བ་གོང་མས་མཁྱེན་ནས་འཆིང་བྱེད་པར་རྫོང་བདའ་མཛད་པའི་གསེར་ཡིག་པ་ཕྱག་ན་བླ་མ་དང་ཨཱ་ནནྡ་ཁཱ་གཉིས་བོད་དུ་འབྱོར་སྐབས་ལྷ་བཟང་གིས་སྡེ་སྲིད་བཀྲོངས་ཚར་བ་མ་ཟད་གསེར་ཡིག་པ་གཉིས་ལ་ཡང་ཅི་བྱ་གཏོལ་མེད་དུ་གྱུར་པའི་ཚིག་སྣ་ཚོགས་སྨྲས་ཏེ་དེའི་རྐྱེན་གྱིས་མེ་ཕག་ལོའི་སྟོན་ཀ་སྟེ་སྤྱི་ལོ་༡༧༠༧ལོར་རྗེ་ཉིད་ཀྱིས་གདན་ས་ཆེན་པོ་དང་ཁྲི་སྐོར་བཅུ་གསུམ་གྱི་རྒྱལ་སྲིད་ལམ་ཁའི་རྩྭ་བཞིན་དོར་ནས་རྒྱ་ནག་ཕྱོགས་སུ་གསེར་ཡིག་པ་གཉིས་ཀྱིས་གདན་ཞུས་ལྟར་ཕེབས་མགོ་བརྩམས་པ་སྟེ། དེང་སྐབས་ཡངས་པ་ཅན་བརྒྱུད་ནས་གཉན་ཆེན་ཐང་ལྷའི་མདུན་ཐང་དུ་བསྐྱོད་དེ་རིམ་གྱིས་བྱང་ལམ་བརྒྱུད་ནས་སྟོད་རུ་མཚོ་ནག་ཁ་དང་ཀུན་དགའ་ནོར་ཟེར་བའི་ས་ཆ་ལ་མ་ཐོན་བར་གོང་མའི་གསེར་ཡིག་པ་སོགས་ལྷན་སྐྱོད་མི་སྣ་དག་དང་ཕེབས། ཀུན་གྱིས་མཁྱེན་གསལ་ལྟར། མཚམས་འདི་ནས་རྗེ་འདི་ཉིད་ཕྱིས་ཚུལ་ཇི་ལྟར་གྱུར་བའི་ཐད་ལ་སྔོན་བྱོན་ལོ་རྒྱུས་སྨྲ་བ་དག་གི་བཞེད་པ་མི་མཐུན་པ་གཉིས་ཏེ། གཅིག་ནི་རྗེ་འདི་ཉིད་ལོ་ངོ་བརྩིས་ན་ཉེར་ལྔ་དང་ལོ་ཧྲིལ་པོ་ཉེར་བཞིའི་ཐོག་རྒྱ་ལ་དྲངས་པའི་ལོ་དེར་ལྷ་བཟང་གིས་སྐུ་བཀྲོངས་ཤིང་མཚོ་སྔོན་གྱི་ཀུན་དགའ་ནོར་ཏེ་ད་ལྟ་སྟོང་སྐུ་མཚོ་ནག་མའི་ཉེ་འགྲམ་ལས་མར་གསོན་པོ་བྱས་ཏེ་བརྒལ་མྱོང་མེད་ཟེར་མཁན་ཁག་གཅིག་དང་། ཁག་གཅིག་གིས་དེ་ནས་སྤྱིར་བཏང་གི་གྲྭ་བ་བསོད་སྙོམས་པ་ཞིག་གི་རྣམ་པ་ལྟ་བུར་བཅོས་ནས་བྲོས་ཡིབ་འདྲེས་མར་བྱས་ཏེ་ཕལ་ཆེར་ཞབས་ཐང་དུ་གནས་སྐོར་དང་དགེ་སྒྲུབ་མཛད་ཞོར་རྨ་ཆུ་ལ་དར་ཆགས་ཡོད་པ་བསྟུན། ཨ་རིག་དང་དཀར་རྒྱ་དགོན་ཉེ་འཁོར་གྱི་བཻ་རོ་བྲག་ཕུག་དང་རྒྱལ་མོ་རོང་གི་གུ་རུ་དང་གཡུ་སྒྲ་སྙིང་པོའི་བྲག་ཕུག ཚ་ཁོ་དགོན་དང་དར་རྩེ་མདོ། རྒྱ་ནག་རི་བོ་རྩེ་ལྔ་བཅས་ལ་ཉིན་པར་ཚ་བ་དང་མཚན་མོར་གྲང་ལྷགས། ཁྱད་པར་དུ་ས་ཕྱི་ལོའི་ཟླ་བདུན་པ་སྟེ་སྤྱི་ལོ་༡༧༠༨ལོར་འབྲུམ་པའི་ནད་ཡམས་ཀྱིས་ཟིན་ནས་བཟོད་དཀའ་བའི་སྡུག་བསྔལ་དུ་མ་བྱུང་རུང་དགེ་སྒྲུབ་དང་གནས་བསྐོར་མཛད་ཞོར་ཡར་ཁམས་དང་ལྷ་ས་ལ་ཕེབས་པ་མ་ཟད་རྒྱ་གར་དང་བལ་བོ་སོགས་ཡུལ་གྲུ་དུ་མར་བཅགས་ཤིང་། ད་དུང་མདོ་སྨད་དུ་དགོན་སྡེ་འགའ་རེ་ཕྱག་འདེབས་མཛད་མཐར་ཨ་ལག་ཤ་ནས་སྐུ་གཤེགས་སྐབས་དགུང་ལོ་དྲུག་ཅུ་རེ་བཞི་བཞུགས་ཡོད་ཚུལ་གཉིས་ཡོད་པ་ལས་ཕྲན་གྱིས་རེ་ཞིག་ཕྱི་མ་ཉིད་གཞིར་བྱས་ཏེ་སྐད་ཆ་འགའ་ཞུ་བར་འདོད།
༡ གསང་རྣམ་ཞེས་པའི་ཡིག་གྲངས་ཁྲི་བཅུ་ལ་ཉེ་བ་འདི་རྩ་བ་ནས་མེད་པ་ཞིག་ཡོད་པ་ལྟར་འབྲི་བའི་རྒྱུ་མཚན་ཆེར་མེད་ལ། གལ་སྲིད་ཁ་ཅིག་གིས་ཚོད་གླེང་བྱས་པ་ལྟར་རྩོམ་པ་པོས་རང་ཉིད་སྙན་གྲགས་ཀྱི་ཆེད་དུ་བྲིས་ཀྱང་འདི་ལྟར་གྲུབ་མཐའ་དང་ས་ཁུལ་ཕྱོགས་རིས་མེད་པར་སྤྱི་ཁྱབ་རང་བཞིན་ཅན་འབྲི་མཁན་ནི་དཀོན་པོ་རེད།
༢ སྐབས་དེ་དུས་དེང་སང་འདྲ་བའི་དྲ་རིགས་ཁག་དང་འགག་སྒོ་བཙན་པོ་མེད་པས་བྲོས་ཡིབ་ཀྱི་རྣམ་པ་དེ་ལེགས་འགྲུབ་མི་ཡོང་བའི་ངེས་པ་མེད། རྗེ་ཉིད་ཀྱི་ཚེ་སྲོག་ལ་ཉེན་ཁ་ཆེ་བ་སོགས་རྟོགས་ཀྱང་སྐབས་དེ་དུས་ཁོང་ཕོ་གསར་དར་མའི་སྒང་ཡིན་པས་ཇི་ལྟར་བྱས་ཀྱང་བྲོས་ལས་ཐར་བར་ངེས།
༣ གལ་སྲིད་ལྷ་བཟང་གིས་རྗེ་ཉིད་བཀྲོངས་པ་ཡིན་ན་སྤྱི་ལོ་༡༧༠༥ལོར་སྡེ་སྲིད་དང་སྤྱི་ལོ་༡༧༠༧ལོར་ཚངས་དབྱངས་རྒྱ་མཚོ་བཀྲོངས་པ་རེད་བཅས་གཅིག་གྱུར་གྱི་ཡིག་ཚང་དག་གཙང་ཞིག་ད་བར་མཇལ་དཀའ་བའི་རྒྱུ་མཚན་མི་རྙེད།
༤ དེ་ལྟར་ཡིན་ན་ད་ལྟ་རྒྱལ་དབང་དྲུག་པའི་སྒྲུབ་ཕུག་ཏུ་ངོས་འཛིན་བཞིན་པའི་རི་བོ་རྩེ་ལྔའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཕུག་གི་ཟུར་ན་ཡོད་པའི་སྒྲུབ་ཕུག་དེ་དང་ནང་སོག་དགའ་ལྡན་བསྟན་རྒྱས་གླིང་གི་མཐོ་ཚད་ལ་གྲུ་༥༤ཅན་གྱི་རྗེ་ཉིད་ཀྱི་སྐུ་གདུང་མཆོད་རྟེན་ཞིག་ཀྱང་ཡོད་པས་དེ་ཇི་ལྟར་བྱ།
༥ རྗེ་འདི་ཉིད་དགུང་ལོ་ཉེར་བཞིའམ་ཉེར་ལྔ་ནས་བཟུང་མི་ཚེ་ཕལ་ཆེར་མི་སྤྱིར་བཏང་བ་ཞིག་དང་བྲོས་ཡིབ་ཀྱིས་མཐར་ཕྱིན་པ་ཡིན་པ་ལས་གསེར་ཁྲི་སྟེང་ལ་མངའ་གསོལ་བ་ལྟ་བུའི་དར་འཕྱར་དུང་བུས་ཀྱི་རྣམ་པ་མིན་པས་དུས་མཉམ་གྱི་མཁས་པའི་རྣམ་ཐར་རྣམས་སུ་མཇལ་དཀའ་བའི་རྒྱུ་མཚན་དེ་ཡིན་པར་སེམས་།
༦ དེ་མིན་མདོ་སྨད་ཆོས་འབྱུང་ལས་མཚོ་སྔོན་དཔོན་ཁག་གི་ལོ་རྒྱུས་བཤད་སྐབས་ཀྱང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ཕེབས་མྱོང་ཚུལ་གསལ་བས་དེ་ཡང་ཇི་ལྟར་བྱ།
གཉིས་པ། མིའི་རིགས་ཀྱི་རྣམ་ཤེས་དེ་ཉིད་གནས་ས་ཀླད་པར་ཡིན་མིན་སྐོར་བཤད་པ་ལས་དང་པོ་རྣམ་ཤེས་ཀྱི་ངོས་འཛིན་ཚུལ་ནི་རང་ཡུལ་སོ་སོའི་རྣམ་པར་རིག་པའི་གཙོ་བོའི་རྣམ་རིག་དེ་ལ་གོ་སྟེ། དབུ་མ་ལ་འཇུག་པ་ལས།ཡུལ་ལ་སོ་སོར་རྣམ་རིག་པ།། རྣམ་ཤེས་རང་གི་མཚན་ཉིད་དོ།།ཞེས་དང་།མངོན་པ་ཀུན་ལས་བཏུས་པའི་སྡོམ་བྱང་ལས།ཡུལ་མཐོང་རྣམ་པ་རིག་པའོ།། ཞེས་དང་།སྣང་སྲིད་མཛོད་ཕུགས་ཀྱི་གཞུང་དང་འགྲེལ་བ་འཕྲུལ་གྱི་སྒྲོན་མེ་ལས། རྣམ་པར་ཤེས་པ་བརྒྱད་བསྟན་པ།། དམིགས་པ་རྣམ་པར་རིག་པའོ།། ཞེས་དང་། མངོན་པ་ཀུན་ལས་བཏུས་པའི་མཆན་འགྲེལ་ལས། རྣམ་པ་ཤེས་པའི་མཚན་ཉིད་ཅི་ཞེ་ན། དོན་གྱི་ངོ་བོ་རྣམ་པ་ཤེས་པར་བྱེད་པའི་མཚན་ཉིད་དེ།རྣམ་པ་ཤེས་པར་བྱེད་པ་དང་པོ་མིག་གི་ཤེས་པའི་ངོ་བོ་གང་གིས་གཟུགས་རྣམས་ཀྱང་རྣམ་པར་ཤེས་པ་དང་། རྣ་ཤེས་ཀྱིས་སྒྲ་དང་སྣ་ཤེས་ཀྱིས་དྲི་དང་ལྕེ་ཤེས་ཀྱིས་རོ་དང་ལུས་ཤེས་ཀྱིས་རེག་བྱ་དང་ཡིད་ཤེས་ཀྱིས་ཆོས་རྣམས་ཀྱང་རྣམ་པར་ཤེས་པའོ།།ཞེས་གསུངས་པ་ལྟར་དང་པོ་མིག་ལ་བརྟེན་ཅིང་གཟུགས་ལ་དམིགས་ནས་སོ་སོའི་རྣམ་པ་ཤེས་ཤིང་རིག་པ་དང་། གཉིས་པ་རྣ་བ་ལ་བརྟེན་ཅིང་སྒྲ་ལ་དམིགས་ནས་སོ་སོའི་རྣམ་པར་ཤེས་ཤིང་རིག་པ། གསུམ་པ་སྣ་ལ་བརྟེན་ཅིང་དྲི་ལ་དམིགས་ནས་སོ་སོའི་རྣམ་པ་ཤེས་ཤིང་རིག་པ།བཞི་པ་ལྕེ་ལ་བརྟེན་ཅིང་རོ་ལ་དམིགས་ནས་སོ་སོའི་རྣམ་པ་ཤེས་ཤིང་རིག་པ། ལྔ་པ་ལུས་ལ་བརྟེན་ཅིང་རེག་བྱར་དམིགས་ནས་སོ་སོའི་རྣམ་པ་ཤེས་ཤིང་རིག་པ། དྲུག་པ་ཡིད་ལ་བརྟེན་ཅིང་ཆོས་ལ་དམིགས་ནས་སོ་སོའི་རྣམ་པ་ཤེས་ཤིང་རིག་པ་བཅས་རྣམ་ཤེས་ཚོགས་དྲུག་གམ་དེ་ལྟར་དུས་རྟག་ཏུ་ངའོ་སྙམ་པའི་ཡིད་དམ་ངར་སེམས་བདག་ཉིད་ཅན་དེ་ཉོན་མོངས་པའི་རྣམ་ཤེས་དང་། ལུས་ཁམས་སྐྱེ་མཆེད་ཐམས་ཅད་ཀྱི་བག་ཆགས་སམ་ས་བོན་བསགས་པ་དང་སྣ་ཚོགས་ལ་དམིགས་པ་དང་དོན་ལ་སེམས་པའི་ཀུན་གཞིའི་རྣམ་ཤེས་བཅས་རྣམ་པ་བརྒྱད་དུ་དབྱེ།
དེ་ལྟར་གསུངས་པའི་རྣམ་ཤེས་དེ་ཉིད་གནས་ས་ཀླད་པ་ཡིན་མིན་སྐོར་ལ་ཅུང་ཙམ་དཔྱད་ན།དེ་ཡང་དང་པོ་ཀླད་པའི་ངོས་འཛིན་ཚུལ་ནི། གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན་ལས། ཡུལ་ལྔ་ཚོགས་དྲུག་གསལ་བའི་རྟེན། །སྲོག་རྩ་དཀར་པོའི་རྩ་བ་ལྟར།།མི་ཡི་ལུས་སྟོད་ཀླད་ཀྱི་ཆར། །གནས་པས་ཀླད་པ་ཞེས་སུ་བཤད།།ཅེས་པ་དང་། དེ་ཡང་རྩ་ཡི་རྒྱ་མཚོ་ཆེན་པོ་ཞིག་སྟེ། རྒྱུད་ལས། ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་ལས།།ཞེས་སྤྱིར་རྒྱ་མཚོ་ཞེས་པ་མང་པོའི་དོན་ཡིན་ལ།དཔེར་ན་ཆུ་མང་པོ་འདུས་པ་ལ་ཆུ་ཡི་རྒྱ་མཚོ་དང་།ཡོན་ཏན་མང་པོ་འཛོམས་པའི་མི་ལ་ཡོན་ཏན་རྒྱ་མཚོ་ཟེར་བ་ལྟར་ཀླད་པར་རྩ་མང་པོ་འདུས་ཡོད། དེའང་ནུབ་ལུགས་ཀྱི་ངོས་འཛིན་ལྟར་ཀླད་པ་རང་ངམ་དེའི་འགུལ་སྐྱོད་ཀྱི་ཆ་ལ་རྣམ་ཤེས་སུ་ངོས་འཛིན་པ་མ་ཡིན་པར། རྩ་དེ་དག་ནི་རྣམ་པར་ཤེས་པའི་རྒྱུན་ཞུགས་སའི་གནས་ཡིན་པ་དང་། དབང་པོ་སོགས་ཡུལ་ལ་འཆར་བར་བྱེད་པའི་ལས་བྱེད་མཁན་སྟེ། རྒྱུད་ལས། དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ།། ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར།།ཞེས་པ་དང་།འོ་ན་རྣམ་པར་ཤེས་པ་ཀླད་པ་ལ་གནས་པ་ཡིན་འདུག་ཞེ་ན། དེའང་མ་ངེས་ཏེ། རྒྱུད་ལས། དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ།། སྙིང་ལ་སྲིད་ཅིང་རྩ་ཕྲན་ལྔ་བརྒྱས་བསྐོར།།ཞེས་གསུངས་པ་ལྟར་རྣམ་པར་ཤེས་པ་ཀུན་ཏུ་འབྱུང་བའི་གཞིའམ་སྲོག་ཆེན་མོའི་རླུང་ཞེས་ཤེས་པ་ཀུན་གྱི་ཨ་མ་ལྟ་བུ་དེ་ནི་སྙིང་དབུས་སུ་གནས་ཡོད་ལ། དེ་ཡང་བྱེད་ལས་ཀྱི་དབང་གིས་དབང་པོ་སོགས་ཤེས་པའི་ཚོགས་རྣམས་ཀླད་པའི་རྩ་ལ་གནས་ཤིང་མིག་གིས་གཟུགས་མཐོང་བ་དང་རྣ་བས་སྒྲ་ཚོར་བ་སོགས་སོ་སོའི་ཡུལ་ལ་འཇུག་ཅིང་ལས་བྱེད་ཀྱི་ཡོད་པ་སྟེ། ནོ་པེ་ཨེར་གསོ་རིག་བྱ་དགའ་ཐོབ་མཁན་དབྱིན་ཇིའི་ཚན་རིག་པ་ཡེ་ཧན་ཨེ་ཁུ་ལིས( sir john Ec-des ) ཀྱིས་རྣམ་ཤེས་དེས་གདོས་བཅས་ཀྱི་ཤ་ཁྲག་གི་ལུས་ཀྱི་ཀླད་ཆེན་ལ་དངོས་སུ་སྐུལ་འདེད་བྱེད་པ་སྟེ་ཀླད་ཆེན་ནང་གི་དབང་རྩའི་ཕྲ་ཕུང་དག་ལ་བྱ་བ་བྱེད་དུ་འཇུག་པ་ཡིན་ཞེས་གསུངས་པ་ལྟར།དཔེར་ན་གློག་གི་མ་ལྟ་བུ་ལས་ལྐོག་གྱུར་རང་བཞིན་གྱི་གློག་ཤུགས་སམ་གློག་རྒྱུན་དེ་གློག་སྐུད་ལ་བརྒྱུས་ནས་གློག་སྒྲོན་ལ་སྐུལ་ཞིང་འོད་འབྱེད་པར་བྱེད་དུ་འཇུག་པ་ཇི་བཞིན་ནོ།།གཞན་ཡང་མགོ་ནད་གསོ་བཅོས་སྐོར་གྱི་དྲི་བ་དྲིས་ལན་ལས། བསམ་བློ་བཏང་དྲགས་ནས་ངལ་གསོ་མ་ཐུབ་ན་མགོ་ན་བ་དང་མགོ་ཡུ་འཁོར་བའི་ཚུལ་དེ་མི་གང་མང་ཞིག་ལ་འབྱུང་སྲིད་སྙམ། ཐ་ན་མི་ལ་ལ་ཞིག་ཆུ་ཚོད་གཉིས་གསུམ་ཙམ་ལ་ཉལ་རྒྱུ་ཉུང་སོང་ནའང་མགོ་ན་བ་ཡིན། དེའི་ཕྱིར་རྒྱ་རིགས་ཀྱི་གཏམ་དཔེ་རུ་ངལ་གསོ་མི་ཤེས་པའི་མིས་ལས་ཀའང་བྱེད་མི་ཤེས་ཞེས་པ་དང་། ཡང་མིའི་རིགས་ཀྱི་ཀླད་པའི་འཕར་རྩ་སྲ་འགྱུར་ཆགས་པ་དང་འབྲེལ་བ་ཡོད་པའི་ནད་ཐོག་མངོན་ཚུལ་ལ་དྲན་པ་འཐོར་བའམ་འདུ་ཤེས་ལ་འགལ་རྐྱེན་ཐེབས་ཏེ་འཕྲུལ་ཆས་ཀྱིས་བརྟག་དཔྱད་བྱས་ཚེ་ཀླད་པར་ཁྲག་ཤོར་བ་དང་ཀླད་པའི་དྲ་སྐྱིར་ཁྲག་ཤོར་བ་ཟེར་བའི་རིགས་ཤིག་དང་ཀླད་པར་ཁྲག་འཁོར་བ་ཟེར་བ་ཞིག་དང་ཀླད་པའི་ཁྲག་རྩ་འགག་པ་ཞེས་པ་བཅས་སྤྱི་དང་བྱེ་བྲག་གི་རིགས་བཞིའམ་གཉིས་སུ་གྲུབ་པའི་མངོན་ཚུལ་དེ་དག་ཀྱང་ཤེས་པའི་རྒྱུན་གནས་སའི་རྩ་ལ་ནད་འགྱུར་བྱུང་བས་རྒྱུ་ལམ་འགགས་པ་ལས་ཤེས་པ་རང་འགགས་པ་ནི་མ་ཡིན། གལ་སྲིད་ཀླད་པ་ལ་རྣམ་ཤེས་གནས་པ་ཡིན་ན་ཀླད་པ་མེད་པ་ལ་རྣམ་ཤེས་ཀྱང་གནས་མི་ཐུབ་ལྟར་མངོན་མོད་ཀྱང་། ཀླད་པ་མེད་པའི་མི་སྔར་བཞིན་འཚོ་ཐུབ་པའི་དཔེ་མཚོན་རེ་གཉིས་ཞུས་ན།སྔོན་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ཁམས་ལི་ཐང་ན་ཕེབས་སྐབས་འདི་དང་ཐད་ཀར་འབྲེལ་ཆེ་བའི་ལོ་རྒྱུས་ཡ་མཚན་ཞིག་ཡོད་པ་ནི་འདི་ལྟར་ཏེ། དེ་ནི་ས་གླང་ལོ་རྗེ་ཉིད་དགུང་གྲངས་ཉེར་བདུན་སྟེང་རི་བོ་རྩེ་ལྔ་བསྐོར་ཞིང་ཕྱིར་དར་རྩེ་མདོ་ནས་ཡར་ལི་ཐང་བར་ལ་མོ་གསུམ་དང་ཆུ་བོ་གཅིག་ཅེས་པ་རྒྱུ་ལ་དང་། བཀའ་བཞི་ལ། ར་མ་ལ་སྟེ་ལ་གསུམ་དང་།ཉག་ཆུ་བཅས་ལ་ཞབས་ཐང་དང་ཀོ་གྲུར་ཞུགས་ནས་ལི་ཐང་དུ་ཕེབས་ཏེ་ཆོས་མཇལ་བྱས། ཡིན་ནའང་སྐབས་དེ་དུས་སྒོ་མང་མཁན་པོ་དོན་གྲུབ་རྒྱ་མཚོ་ལི་ཐང་དགོན་ཆེན་གྱི་མཁན་རབས་བཅོ་ལྔ་པ་ཡིན་པས་རྗེ་ཉིད་ཀྱིས་ངོ་ཤེས་པར་དོགས་ནས་ཞག་གསུམ་ལས་མ་བཞུགས་པར་སོང་བའི་ཉིན་གཅིག་ཁྱིམ་ཚང་ཞིག་ཏུ་སླེབས་པས་ན་མགོ་བོ་མེད་པའི་མི་ཞིག་འདུག དེའི་བཟའ་པ་སོགས་ལ་རྒྱུ་མཚན་དྲིས་པས་སྐེ་ཕྲེང་བྱུང་ནས་མགོ་བོ་ཆད་དེ་ལོ་གསུམ་ཙམ་སོང་ཡང་འཆི་མི་འདུག་ཟེར། སྙིང་རྗེ་ཚད་མེད་པ་ཞིག་སྐྱེས་ནས་བལྟས་བསྡད་པས། ཁོས་བྲང་ལ་ལག་པས་བསྡུང་གི་འདུག འདིས་ཅི་བྱེད་དྲིས་པས་མི་ཞིག་གིས་འདི་ལྟོགས་འདུག་ཟེར་ནས་སྐེ་ཆད་པའི་ཤུལ་དུ་བུ་ག་གཉིས་འདུག་པ་གཅིག་གི་ནང་དུ་བུམ་པའི་ནང་ནས་རྩམ་ཐང་དྲོ་འཇམ་ཞིག་ཅུང་ཟད་རེ་བླུགས་ནས་ཚིམ་པ་རེ་བྱེད་སྐབས་རླུང་གིས་ཡར་དེད་དེ་ལྦུ་བ་ལྷོག་ལྷོག་བྱེད་ཅིང་ཅུང་ཞིག་བསྡད་ནས་མར་ཁོག་ཏུ་འབབ་པར་འདུག་ཅེས་གསུངས། དེ་བཞིན་དུ་སྤྱི་ལོ་༡༩༨༠ལོར་དབང་རྩའི་ནད་ཁམས་རིག་པའི་དགེ་རྒན་ཆེན་མོ་ལོ་པོ་ཞེས་པས་སེ་ཧྥེར་ཏི་སློབ་གྲྭ་ཆེན་མོའི་སློབ་མ་ཀླད་ཆེན་གཏན་ནས་མེད་པ་ཞིག་མཐོང་སྟེ།ཁོའི་མགོ་ནང་དུ་ཀླད་ཆུ་ཙམ་མ་གཏོགས་ཀླད་ཆེན་མི་འདུག་ཀྱང་སྤྱོད་ལམ་ཐམས་ཅད་མི་དཀྱུས་མ་དང་གཅིག་མཚུངས་ཡིན་པར་མ་ཟད་ད་དུང་དེ་རྩིས་རིག་ལ་ཤིན་ཏུ་མཁས་པས་རྩིས་རིག་གི་ཕུལ་བྱུང་བྱ་དགའ་ཐོབ་མྱོང་བར་བཤད། དེ་ལས་གོ་རྟོགས་ཤིག་བྱུང་བ་ནི་སྤྱི་རུ་ཀླད་པའི་རྩ་ལ་འགལ་རྐྱེན་ངེས་ཅན་ཞིག་བྱུང་ཚེ་འགྲོ་བ་མི་འདི་ཉིད་འཆི་བའི་ཚད་གཞི་མཐོན་པོ་ཡིན་པ་དང་།དམིགས་བསལ་དུ་ཀླད་པ་མེད་ཀྱང་འཚོ་ནུས་པ་རྗེ་འདི་ཉིད་ཀྱིས་མི་ལོ་སུམ་བརྒྱ་ལྷག་གི་ཡར་སྔོན་ནས་གསལ་ཁ་འབྱིན་ཡོད་པ་འདི་དག་གིས་རྣམ་པར་ཤེས་པའི་རྒྱུན་ནམ་ལས་དེ་ཀླད་པ་ལ་བྱེད་ཀྱང་རྣམ་ཤེས་རང་ནི་ཀླད་པར་གནས་མེད་པ་ར་སྤྲོད་བྱེད་ཐུབ་བའོ།།
དེ་ལྟར་བོད་ཀྱི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལས་ཆེས་ཡ་མཚན་དང་དམིགས་བསལ་ཅན་གྱི་རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོའི་སྐོར་དང་ཁྱད་པར་ཆུ་བུར་མིག་གིས་མཐོང་མི་ནུས་ཤིང་གཏིང་ཟབ་པའི་མིའི་རིགས་ཀྱི་རྣམ་ཤེས་རིག་པ་ནི་བླུན་པོ་སྨྲ་བ་ཉུང་ན་མཛེས་ཞེས་པ་ལྟར་བློ་དམན་ཁོ་བོ་ལྟ་བུའི་བརྗོད་སྐལ་དུ་མི་འོས་ཀྱང་ཁྱེའུ་རང་ཉིད་ཀྱི་བློ་ངོར་གང་ཤར་དུ་བྲིས་པ་འདིར་གཟུར་གནས་མཁས་དབང་དག་གིས་དགོངས་འཆར་ལྷུག་སྩོལ་གནང་བར་ཞུ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10