དཔལ་དོན་གྲུབ་རྒྱལ།(2)

        2010-09-13


     ༡༩༨༥ལོའི་ཟླ་༡༡པའི་ཚེས་༢༩ཉིན་རྩོམ་རིག་གསར་རྩོམ་དང་རིག་གཞུང་ཞིབ་འཇུག་ལ་གསེར་ལྟར་དཀོན་པའི་མཁས་དབང་འདི་ཉིད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་དུ་དགུང་ལོ་སོ་གཉིས་སྟེང་སྐུ་གཤེགས་པས་འདི་ནི་བོད་ཀྱི་རྩོམ་རིག་གསར་བའི་གར་སྟེགས་སྟེང་གི་གོད་ཆག་ཅིག་ཏུ་གྱུར།  ཉིན་དེར་ཁོང་གིས་ཡུན་རིང་རེ་སྒུག་བྱས་པའི་ཞན་ཡང་བོད་ལྗོངས་སློབ་གླིང་གི་ལས་གནས་སྤོར་བའི་གྲོས་ཡིག་འབྱོར་མོད་ཧ་ཅང་ཕངས་བའི་གནས་སུ་གྱུར།
    དཔལ་དོན་གྲུབ་རྒྱལ་མཆོག་ནི་དེང་རབས་བོད་ཀྱི་རྩོམ་རིག་གི་མཁའ་དབྱིངས་སུ་རྟག་ཏུ་འཚེར་བའི་སྐར་མ་འོད་ཆེན་ཞིག་ཡིན་ཞིང་།  ཁོང་གི་མི་ཚེའི་བརྒྱུད་རིམ་དང་བློ་གྲོས་ཀྱི་རྩལ་ནི་ཧ་ཅང་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། དེ་བཞིན་དུ་ཁོང་གི་རྩོམ་རིག་བརྩམས་ཆོས་ལའང་གསར་གཏོད་ཀྱི་རང་བཞིན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས།  རིག་གཞུང་ཞིབ་འཇུག་ཐད་གྲུབ་འབྲས་མངོན་གསལ་བླངས་ཤིང་།  བོད་ཀྱི་དེང་རབས་རྩོམ་རིག་གི་གར་སྟེགས་སྟེང་གསར་རྩོམ་གྱི་གར་སྟབས་ཐུན་མོང་མ་ཡིན་པ་ཞིག་བསྒྱུར་བ་དང་།  ཁོའི་ཤིན་ཏུ་ཐུང་བའི་མི་ཚེའི་ཤོག་བྱང་ངོས་སུ་ཕུལ་དུ་བྱུང་བའི་རྩོམ་རིག་གི་གྲུབ་འབྲས་བླ་མེད་བསྐྲུན་པ་རེད།
    ཁོང་གིས་བོད་ཡིག་གི་ལམ་ནས་བྲིས་པའི་རང་མོས་སྙན་ངག་དང་སྒྲུང་གཏམ།  ལྷུག་རྩོམ་བཅས་ནི་ལོ་རབས་བརྒྱད་ཅུ་པའི་བོད་ཀྱི་དེང་རབས་རྩོམ་རིག་གི་སྒོ་འཕར་ཡངས་པོ་ཕྱེས་ལ།  བོད་རིགས་ཀྱི་མཁས་པ་དང་རྩོམ་པ་པོ་ཀུན་གྱིས་གདེང་འཇོག་ཆེན་པོ་བྱས་ཡོད་པ་དང་།  ཁོང་གིས་དེང་རབས་བོད་ཀྱི་རྩོམ་རིག་དང་རིག་གཞུང་གི་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པས།  བོད་ཀྱི་དེང་རབས་རྩོམ་རིག་གི་རྨང་གཞི་འདིང་མཁན་ཡིན་ཞེས་བརྗོད་ཆོག་ཆོག་ཡིན།
    དེང་རབས་བོད་ཀྱི་རྩོམ་པ་པོ་དང་མཁས་པའི་ཁྲོད་ན་དཔལ་དོན་གྲུབ་རྒྱལ་ལྟ་བུའི་ལྷན་སྐྱེས་ཀྱི་ཤེས་རབ་ཅན་ཤིན་ཏུ་དཀོན་ཞིང་།  བོད་ཡིག་གིས་རྩོམ་འབྲི་བྱེད་པའི་བོད་ཀྱི་རིག་གནས་པའི་ཁྲོད་ན་ད་ལྟའི་བར་ཁོང་ལས་ལྷག་པ་ཕལ་ཆེར་མེད་ཅེས།  བོད་ཀྱི་མཁས་པ་ཀུན་གྱིས་མགྲིན་གཅིག་ཏུ་ཁས་ལེན་བྱེད་བཞིན་ཡོད།  ཁོང་ལ་མྱུར་ཞིང་རྣོ་བའི་བློ་གྲོས་ལྡན་ལ་སྤོབས་པ་རབ་ཏུ་རྒྱས་པར་མ་ཟད་རྩོམ་པའི་བློ་ཁ་ཡངས་ཤིང་སྐྱེན་པས། ཁ་འགུལ་བ་ཙམ་གྱིས་རྩོམ་རྒྱག་ལ།  ལག་འགུལ་བ་ཙམ་གྱིས་སྙན་ངག་འབྲི།  སྤུས་ཚད་ཀྱང་ཧ་ཅང་མཐོ་སྟེ།  བོད་ཡུལ་ཡོངས་ལ་དར་ཁྱབ་ཆེ་བའི་《མཚོ་སྔོན་པོ》ཞེས་པའི་གླུ་ཚིག་ནི་ཁོང་གིས་ཐོལ་བྱུང་དུ་བརྩམས་པ་ཞིག་ཡིན།  ལོ་ཉེར་བརྒྱད་སོན་མཚམས་ནས་དཔལ་དོན་གྲུབ་རྒྱལ་ལ་བོད་ཀྱི་དེང་རབས་རྩོམ་རིག་གི་དོ་ར་རུ་གྲགས་པ་རྒྱས་འགོ་ཚུགས། ༡༩༨༡ལོར་ཁོང་གི་སྙན་ངག་དང་སྒྲུང་རྩོམ་ཕྱོགས་བསྡུས་《འབོལ་རྩོམ་ཞོགས་པའི་སྐྱ་རེངས》ཞེས་པ་དེ་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས།  ༡༩༨༢ལོར་《གངས་དཀར་རི་བོ》ཞེས་པའི་དུས་དེབ་སྟེང་དུ་《སྙན་ངག་གི་སྲོག་བཅུ་བདུན་གྱི་དཔེར་བརྗོད》ཅེས་པ་འདོན་སྤེལ་བྱས།  ༡༩༨༣ལོར་《སྦྲང་ཆར》དེབ་གཉིས་པའི་སྟེང་དུ་སྒྲུང་ཐུང་《རྒྱུ་འབྲས་མེད་པའི་མནའ་མ་》ཞེས་པ་འདོན་སྤེལ་བྱས།  ༡༩༨༤ལོར་《སྦྲང་ཆར》དེབ་གཉིས་པའི་སྟེང་ལ་《བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་བཀླགས་པའི་མྱོང་ཚོར་བློ་མཐུན་སངས་རྒྱས་དང་བསམ་འཆར་བརྗེ་རེས་ཀྱི་ཆེད་དུ་ཕུལ་བ》ཞེས་པ་འདོན་སྤེལ་བྱས།  ལོ་དེར་ཁོང་གི་ཧྲོ་ཧྲིའི་དཔྱད་རྩོམ་《བོད་ཀྱི་མགུར་གླུའི་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་རིག་པའི་ཁྱེའུ་རྣམ་པར་རྩེན་པའི་སྐྱེད་ཚལ་》ཞེས་པའང་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས། ཁོང་གི་སྙན་ངག་གི་འཐུས་ཚབ་ཏུ་རུང་བའི་བརྩམས་ཆོས་《འཁྲུལ་མིན་རྨི་ལམ་དགའ་སྐྱེད》ཅེས་པར་སྐབས་དང་པོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་བྱ་དགའི་སྙན་ངག་གི་བྱ་དགའ་ཐོབ།
  • ལེ་ཚན་སྔོན་མ།:རྩོམ་པ་པོ་དྲང་སྲོང་རྣམ་རྒྱལ།
  • ལེ་ཚན་རྗེས་མ།: ཚེ་རིང་དོན་གྲུབ།