དཔལ་དོན་གྲུབ་རྒྱལ།

        2010-09-13

 དཔལ་དོན་གྲུབ་རྒྱལ།

དཔལ་དོན་གྲུབ་རྒྱལ་ནི་༡༩༥༣ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དགུ་རོང་སྡེ་བར་འཁྲུངས།  ༡༩༦༡ལོར་དཔལ་དོན་གྲུབ་རྒྱལ་ལོ་བརྒྱད་ལ་སླེབས་ཤིང་། ཕ་ཡུལ་གྱི་སློབ་ཆུང་དུ་ཞུགས་ནས་སློབ་སྦྱོང་བྱེད་པའི་མགོ་བརྩམས།  ༡༩༦༤ལོར་རྨ་ལྷོ་ཁུལ་དགེ་འོས་སློབ་གྲྭར་ཞུགས་ཤིང་སློབ་མཐར་ཕྱིན་ཏེ། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་ལས་ཀར་ཞུགས། ༡༩༧༡ལོར་ཀྲུང་དབྱངས་མི་རིགས་སློབ་གླིང་སྐད་ཡིག་རྩོམ་རིག་ཚན་ཁག་གི་བོད་རྒྱའི་ཡིག་བསྒྱུར་ཆེད་ལས་སུ་ཞུགས་ཏེ་སློབ་སྦྱོང་བྱས་ཤིང་། ༡༩༧༥ལོར་མཐར་ཕྱིན་ནས་ཕྱིར་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་ལོག་སྟེ་ཕྱག་ལས་གནང་།  ༡༩༧༨ལོར་ཀྲུང་དབྱངས་མི་རིགས་སློབ་གླིང་བོད་ཀྱི་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་ནས་འཕྲོད་ཅིང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་དགེ་རྒན་དུ་བསྟེན་ནས་བོད་ཀྱི་རིག་གཞུང་སྤྱི་དང་ཁྱད་པར་དུ་གནའ་རབས་བོད་ཀྱི་རྩོམ་རིག་ལ་སྦྱངས་བརྩོན་མཛད།  ཁོང་གི་སྦྱངས་འབྲས་ལེགས་ཤིང་རྣམ་དཔྱོད་ཕུལ་དུ་བྱུང་བར་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་ཀྱང་བསྟོད་བསྔགས་དང་གཙིགས་ཆེན་མཛད་ལ།  ༡༩༨༡ལོར་《བོད་ཀྱི་མགུར་གླུའི་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་རིག་པའི་ཁྱེའུ་རྣམ་པར་རྩེན་པའི་སྐྱེད་ཚལ་》ཞེས་པའི་དཔྱད་རྩོམ་བྲིས་ནས་ཧྲོ་ཧྲིའི་མིང་བཏགས་བླངས་ཤིང་སློབ་གྲྭ་དེར་དགེ་རྒན་གྱི་ཕྱག་ལས་གནང་། ༡༩༨༣ལོར་མཚོ་སྔོན་ཞིང་ཆེན་ཆབ་ཆ་གྲོང་རྡལ་དུ་ཡོད་པའི་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭར་ཕེབས་ནས་དགེ་རྒན་གྱི་ལས་ཀ་མཛད།  སྐབས་དེར་ཁྱིམ་དུ་བདེ་སྐྱིད་ཀྱི་དྲོད་ཁོལ་ཞན་པ་དང་ཕ་མའི་བྱམས་སྐྱོང་གི་ནུ་ཞོ་རེག་མ་ཐུབ་པའི་ཁར་《སྤྲུལ་སྐུ》སོགས་གསར་རྩོམ་བྱས་ཏེ་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་དོན་དངོས་ལ་ཟུར་ཟ་བྱས་སྟབས།  སྲོལ་རྒྱུན་གྱི་སྡང་མིག་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་བཅས་ནི་ཤིན་ཏུ་ཐེག་དཀའ་བའི་ཁུར་བོ་ཞིག་ཏུ་གྱུར་ཀྱང་། དཀའ་སྡུག་དང་འགལ་ཟླ་ལ་མགོ་མི་སྒུར་བ་ནི་ཁོའི་ཞུམ་པ་མེད་པའི་སྙིང་སྟོབས་དང་སྤོབས་པ་རེད།

  • ལེ་ཚན་སྔོན་མ།:རྩོམ་པ་པོ་དྲང་སྲོང་རྣམ་རྒྱལ།
  • ལེ་ཚན་རྗེས་མ།: ཚེ་རིང་དོན་གྲུབ།