ཤ་བོ་རིན་མཚོ། ཁྲིམས་ལུགས་ཚགས་པར། 2012-03-21
ཁོ་མོ་སྟེ། ཁོ་མོ་ཡང་ང་ཚོ་དང་འདྲ་བར་དགའ་ཀྲོག་ཀྲོག་དང་སྐྱོ་ལྷང་ལྷང་གིས་གངས་མཐའི་གྲུ་ག་ཞིག་ལས་ཆས་ཏེ། ལྗིད་ཏིག་ཏིག་དང་སྣུམ་ཤིག་ཤིག་གི་མི་ཚེའི་བགྲོད་ལམ་དུ་ཧུར་གྱིས་སྐྱོད་ཅིང་། རེ་སྙེག་དང་སྤོབས་སེམས་ཐོད་དུ་བཅངས་ཤིང་ལ་རྒྱ་དང་ཕུགས་འདུན་སེམས་སུ་ཉར་ཏེ། མི་ཚེ་ཞིག་གི་རིན་ཐང་བཙལ་ཞིང་། ཕ་ཡུལ་ཕ་ཡུལ་དུ་ངོ་ཤེས་པ་ནས་བཟུང་ཚེ་སྲོག་གི་མཆོད་པ་མེ་རུ་སྦར་ལ། མི་རིགས་མི་རིགས་སུ་རྟོགས་པ་ནས་བཟུང་སྙིང་རུས་ཀྱི་སེམས་འདུན་རླུང་ལ་མ་བསྐུར་བར་རུས་པ་ས་ལ་འཐོར་ཞིང་འབྱུང་གཞི་ཆུ་ལ་འཐིམས་ཀྱང་། སློབ་གསོ་ནི་མི་རིགས་ཤིག་གི་རེ་བ་དང་སྲོག་རྩ་ཡིན་ལ། སློབ་གསོ་ནི་མི་རབས་ཤིག་གི་ལུས་ཀྱི་འཕར་རྩ་ཡིན་པས། རི་རྒྱལ་ལྷུན་པོ་འདྲ་བའི་འོས་འགན་ལྕི་མོ་ཞིག་འདི་ལྟར་ནོར་ནག་གི་རྨུག་རྗེས་ལ་འབྲང་བཞིན། དགོ་དགོ་འབྲི་མོའི་བཞོ་དབྱངས་དཀྲོལ་མཁན་གྱི་འབྲོག་པའི་བུ་མོ་ཞིག་གི་ཕྲག་ཏུ་བབས་ཤིང་ལས་སུ་ཞུགས་ཏེ། བགྲང་བྱ་བཅུ་ཕྲག་རིང་ལ་ཕ་ཡུལ་གྱི་སློབ་གསོ་སྙིང་ལ་བཅིངས་ནས་ལང་ཚོའི་མེ་ཏོག་གི་མཆོད་པ་རྫ་དམར་རུ་འདབས་སུ་གཏོར་མཁན་ནི་ཁྲི་ཀ་རྫོང་འཕྲང་དམར་བཅའ་སྡོད་སློབ་གྲྭའི་བུད་མེད་སློབ་གཙོ་སྐལ་བཟང་སྒྲོལ་མ་ལགས་སོ།
རིག་པའི་ལྡིང་ཁང་ཆུང་ཆུང་། གཡུ་ལུང་མདོ་ན་ཆགས་ཡོད།
དེ་ཡང་ཁ་བའི་ལྗོངས་ཀྱི་ཡུལ་གྲུ། མདོ་སྨད་ས་ཡི་ཐིག་ལེ། རྨ་སྨད་གཡང་གི་ར་བ། སྟོད་ན་སྲིན་པོ་རྫ་རི་ལྷུན་གྱིས་ཆགས་ཤིང་། ལྷོ་ན་བྲག་དཀར་སྤུན་གསུམ་བརྗིད་ཀྱིས་མཛེས་པའི་འདབས་སུ། གླིང་རྗེ་གེ་སར་རྒྱལ་པོའི་ཕ་ཡུལ་གཉིས་པ་གཡུ་ལུང་སུམ་མདོ་རུ་གྲགས་པའི་འཕྲང་དམར་གྲོང་རྡལ་གྱི་དབུས་ན་ཁྲི་ཀ་རྫོང་འཕྲང་དམར་མི་རིགས་བཅའ་སྡོད་སློབ་ཆུང་ཞེས་པའི་རིག་པའི་ལྡིང་ཁང་ཆུང་ཆུང་དེ་ལྷམ་མེར་བཞད་ཡོད་ལ། སློབ་གྲྭ་དེ་ནི་སྤྱི་ལོ2004ལོར་བཙུགས་ཤིང་། སློབ་རིམ་དྲུག་པ་ནས་དགུ་བའི་བར་གྱི་ལོ་བཞིའི་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་ཞིག་རེད། 2008ལོའི་ཟླ་དགུ་བར་མཚོ་ལྷོ་ཁུལ་སློབ་གྲྭ་ཆུང་འབྲིང་ཁྱབ་གནས་སྙོམ་སྒྲིག་འཆར་གཞིའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། ཤར་ལུང་དང་འཕྲང་དམར་ཡུལ་ཚོ་གཉིས་ཀྱི་སློབ་མ་རྣམས་གཅིག་ཏུ་བསྡུས་ནས། ཡུལ་ཚོ་འདི་གཉིས་ཀྱི་འོས་འགན་སློབ་གསོ་ཁྱབ་རྡལ་དང་སློབ་གསོའི་ཆུ་ཚད་མཐོར་འདེགས་སུ་གཏོང་བར། ཁ་ཐག་རིང་བ་དང་སློབ་ཞུགས་དཀའ་བ་སོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ། སློབ་ཆུང་ཉི་ཤུ་ཡི་སློབ་རིམ་དང་པོ་ནས་གསུམ་པའི་བར་གྱི་སློབ་མ་གཅིག་ཏུ་བསྡུས་ནས་ཤེས་རིག་པདྨའི་སྐྱེད་ཚལ་འདིའི་རིག་པའི་པད་འདབ་ལྷུག་པོར་གྲོལ་ཡོད། སློབ་གྲྭ་འདིའི་སྤྱིའི་རྒྱ་ཁྱོན་མུས་གྲུ་བཞི་མ་ཁྲི་གཅིག་དང་སྟོང་བཞི་བརྒྱ་ལྷག་དང་། བཟོ་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་སྟོང་བཞི་དང་དྲུག་བརྒྱ་ལྷག་ཡོད། དེའི་ནང་དགེ་བཟོ་བ་གྱ་བདུན་དང་སློབ་མ་དགུ་བརྒྱ་སོ་བདུན་ཡོད་ལ། འཛིན་གྲྭ་བཅུ་དྲུག་ཡོད། གཞན་རྩིས་འཁོར་ཁང་དང་སྨྱན་མང་གཟུགས་ཀྱི་སློབ་ཁང་། དཔེ་མཛོད་ཁང་། སྨན་ཁང་བཅས་གཅིག་རེ་ཡོད་པ་ནི་སློབ་གྲྭ་འདིའི་སྤྱིའི་བཟོ་བཀོད་ཡིན་ལ། སློབ་སྒྲུབ་ཀྱི་རྩ་བའི་སྒྲིག་ཆས་ཀྱང་ཡིན། བབ་ཆགས་ཤིང་ཡིད་དུ་འོང་བའི་ཤེས་རིག་གི་སྐྱེད་ཚལ་འདི་ནི། འཕྲང་དམར་ཡུལ་ཚོའི་མ་འོངས་པའི་རེ་ལྟ་བྱེད་ཡུལ་དང་། མི་རབས་གསར་བ་ཞིག་གི་རྡོག་སྒྲ་འདི་ནས་ཆས་ཏེ་ཕུགས་བསམ་གྱི་ལང་ཚོ་ལ་འོད་སྣང་སྩོལ་ས་རེད།
མཐུན་སྒྲིལ་གྱི་ཨ་ལུང་སྒྲིག་ནས། མདུན་སྐྱོད་ཀྱི་སྤོབས་སེམས་བཏེགས་ཡོད།
མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ལ། མཐུན་སྒྲིལ་ནི་རྒྱལ་ཁ་ཡང་ཡིན། སློབ་གཙོ་སྐལ་བཟང་སྒྲོལ་མས་བཤད་རྒྱུར། བདག་གིས་སློབ་གྲྭའི་བྱ་བ་གང་ཞིག་མགོ་བརྩམས་པ་ནས་མཇུག་སྒྲིལ་བའི་བར་དུ་མཐུན་སྒྲིལ་དང་དམངས་གཙོ་གཉིས་ནམ་ཡང་དོར་མ་མྱོང་ལ། དེ་གཉིས་ནི་སློབ་གསོའི་བྱ་བ་སྒྲུབ་པའི་ལག་ལེན་ཁྲོད་མེད་དུ་མི་རུང་བའི་བྱ་བའི་མཐའ་རྣམས་འགྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཟེར། རེད་ཡ། ཁོ་མོས་ནམ་ཡང་སློབ་གྲྭའི་བྱ་བ་ཐམས་ཅད་ཁྱིམ་དོན་དུ་བརྩིས་ནས་དྭངས་གཙང་གི་བསམ་བློའི་ཀུན་སློང་ཞིག་དང་གཞན་ཕན་གྱི་ལྷག་བསམ་དཀར་པོ་གཉིས་དགེ་སློབ་ཀུན་གྱི་སྙིང་གི་ལྷུམས་སུ་ཞུགས་ཏེ། འདྲ་མཉམ་དང་དྲང་བདེན་གྱི་སྒོ་ནས། སྤྱི་སེམས་དང་འཆམ་མཐུན་གྱི་ལམ་དུ་ཧུར་གྱིས་སྐྱོད་ཅིང་། ཕྱོགས་རིས་མེད་པ་དང་མི་སེམས་གཡོ་བའི་སློབ་གསོའི་སྒྲུབ་སྟངས་ཉམས་སུ་བཞེས་པས། དགེ་སློབ་ཀུན་གྱིས་བསྔགས་པའི་རྒྱལ་མཚན་མཁའ་རུ་བསྒྲེངས་ཀྱིན་ཡོད་ལ། ཡིད་ཆེས་དང་སྤོབས་སེམས་ཀྱི་དཔུང་གདངས་གཅིག་ཏུ་སྤྲེལ་ནས་མདུན་སྐྱོད་ཀྱི་གོམ་ཆེན་ཤུགས་ཀྱིས་སྤོ་བཞིན་ཡོད།
ཁོ་མོས་བུ་མོ་ཆུང་ཆུང་ཞིག་གི་འདྲ་རིས་ཤིག་དཔེ་རུ་བསྟན་ནས་བཤད་རྒྱུར། སློབ་གཙོ་ཞིག་ལ་མཚོན་ན། ཀླད་པའི་ནང་དུ་དུས་དང་རྣམ་པ་ཀུན་ཏུ་སློབ་གྲྭའི་ཁྱོན་ཡོངས་ཀྱི་གནས་ཚུལ་མ་ལུས་བར་གསལ་ལྷིང་ངེར་འཆར་དགོས་ལ། ཡ་ཆུང་སྙིང་གི་དབུས་སུ་ཕ་མ་དང་ཁྱིམ་ཚང་ལས་བྲལ་ནས་ཐོན་པའི་རྒྱ་ཆའི་སློབ་གྲོགས་རྣམས་བྱམས་དང་དྲིན་གྱིས་སྐྱོང་དགོས་པར་མ་ཟད། མིག་ཟུང་ཡ་གཅིག་གིས་སློབ་གྲྭའི་ཕྱི་རོལ་གྱི་གནས་ཚུལ་ལ་རྣམ་རིག་སྒྲིམ་ནས་བལྟ་དགོས་ལ། མིག་ཟུང་ཡ་གཅིག་གིས་སློབ་གྲྭའི་ནང་ཁུལ་གྱི་དོན་ཕྲན་ཙམ་ཡང་མ་ལུས་པར་ཕུར་ཚུགས་སུ་བལྟ་དགོས། ལག་གཡས་པས་སློབ་འབྲས་འཛིན་པ་དང་ལག་གཡོན་པས་ཁོར་ཡུག་གཙང་སྦྲ་འཛིན་དགོས། ཁ་ནས་རྒྱུན་དུ་དགེ་སློབ་ཀུན་ལ་འབྲེལ་འདྲིས་བྱས་ཏེ་དགེ་རྒན་གྱི་སློབ་ཁྲིད་གནད་དོན་དང་སློབ་མའི་སློབ་སྦྱོང་གི་འཚོ་བར་རྒྱུས་ལོན་བཟང་བོ་བྱེད་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད་ཟེར། ཇི་འདྲའི་གསོན་ཉམས་ལྡན་པའི་འདྲ་རིས་ཤིག ཇི་འདྲའི་མི་སེམས་འགུལ་བའི་དཔེ་མཚོན་ཅིག འདི་ནི་མཐུན་སྒྲིལ་གྱི་དཔུང་རྡང་ཞིག་ཡིན་ལ་འདི་ནི་མདུན་སྐྱོད་ཀྱི་གཤོག་རླབས་ཤིག་ཀྱང་རེད།
ལུགས་མཐུན་གྱིས་བདེན་དོན་བསྐྱངས་ཏེ། སློབ་སྒྲུབ་ལ་འབྲས་བུ་སྨིན་ཡོད།
སློབ་གསོའི་རྒྱུད་རིམ་དང་སློབ་སྒྲུབ་ཀྱི་གོ་རིམ་ཁྲོད་དུ་གནད་དོན་དང་དཀའ་ཁག་འབྱུང་སྲིད་ལ། དཀའ་ཁག་དེ་དཀའ་ཁག་ཏུ་མི་སེམས་པར་གནད་དོན་ཡང་གནད་དོན་དུ་མི་བརྩི་བར། ང་ཚོས་ནམ་ཡང་གནད་དོན་ལ་རྒྱུས་ལོན་དང་། དཀའ་ངལ་ལ་ཡོ་བསྲང་། གནད་དོན་ལ་དབྱེ་ཞིབ་དང་དཀའ་ཁག་དེ་ཁྱད་གསོད། གནད་དོན་དེ་ཐེར་འདོན་དང་དཀའ་ཁག་རྣམས་ཐག་གཅོད་བྱེད་རྒྱུ་ནི་ཆེས་གལ་ཆེ་བའི་ལས་དོན་ཤིག་རེད། སློབ་གཙོ་སྐལ་བཟང་སྒྲོལ་མས་བཤད་རྒྱུར། ང་ཚོའི་ཁྲི་ཀའི་ཡུལ་འདི་ལ་མཚོན་ན་བཅའ་སྡོད་སློབ་གྲྭའི་རྨང་གཞི་ཞན་ཅིང་། སློབ་མ་དང་དགེ་རྒན། ཁྱིམ་བདག་བཅས་ལ་བཅའ་སྡོད་སློབ་སྒྲུབ་ཀྱི་བརྒྱུད་རིམ་དེ་གོམས་ལོབས་སུ་སོང་མེད་པས། གསར་དུ་བཙུགས་པའི་སློབ་གྲྭ་འདིར་མཚོན་ན་དཀའ་ཁག་དང་གནད་དོན་བགྲང་ལས་འདས་པ་ཡོད་ནའང་། བདག་གིས་ལོ་གཅིག་གི་རིང་ལ་མཐུན་སྒྲིལ་ལྡན་ཞིང་ཕུགས་བསམ་ཡོད་པའི་མགོ་ཁྲིད་དཔུང་སྡེ་ཞིག་འཛུགས་སྐྲུན་བྱས་པའི་ཚུན་ནས། དགེ་རྒན་གྱི་དཔུང་སྡེ་གསར་བ་སྐྱེད་སྲིང་བྱས་ཏེ། སློབ་མའི་སློབ་སྦྱོང་གི་འབྲས་བུ་གཡུར་དུ་ཟ་བ་ཞིག་ལོན་པར་གཉིད་ཆག་ཟས་བརྗེད་ཀྱིས་ཧུར་བརྩོན་བྱས་མྱོང་ལ། ལོ་ངོ་གཉིས་ཀྱི་རིང་ལ་རྫོང་ཡོངས་ཀྱི་གཅིག་གྱུར་གྱི་རྒྱུགས་གཞི་བླངས་བའི་ཁྲོད་བོད་རྒྱ་རྩིས་གསུམ་གྱི་རྒྱུགས་འབྲས་ངོ་མཚར་བ་བླངས་ཡོད། དེ་ནི་ང་ཚོས་རྒྱུན་དུ་སློབ་མར་ཕ་མ་ལྟ་བུའི་གཟིགས་སྐྱོང་དང་ཁོ་ཚོའི་སློབ་སྦྱོང་གི་འཚོ་བ་ཇེ་ལེགས། ཀུན་སློང་རྣམ་པར་དག་པའི་ཞབས་ཞུ། བུམ་པ་གང་བྱོའི་ཚུལ་གྱི་སློབ་ཁྲིད། སེམས་དང་སྙིང་གིས་གཅེས་སྐྱོང་བཅས་བྱས་པའི་འབྲས་བུ་ཡིན་པ་གདོན་མི་ཟ།
གཞུང་ལུགས་ཀྱི་རྒྱབ་རྟེན་འཚོལ་བཞིན། སློབ་སྒྲུབ་ཀྱི་ཉམས་མྱོང་ཐོན་པ།
རེད་ཡ། སློབ་གཙོ་ཞིག་ལ་མཚོན་ན་གཞུང་ལུགས་ངེས་ཅན་ཞིག་གི་རྒྱབ་རྟེན་མེད་ཚེ། སྨུག་ལོང་ཁྲོད་ཀྱི་རྫིང་བུ་བཞིན་ཁ་ཕྱོགས་ལ་དབྱེ་བ་མེད་པར་སྨུག་སྤྲིན་དང་ན་བུན་ཁྲོད་ན་མགོ་འཐོམས་པར་ལུས་པ་དང་འདྲ་ཞིང་། སློབ་གཙོ་སྐལ་བཟང་སྒྲོལ་མས་བཤད་རྒྱུར། ཁོ་མོས་སློབ་གཙོ་ཞིག་གི་འགན་འཁུར་བ་ནས་བཟུང་། དུས་རྒྱུན་དུ་སློབ་གསོ་རིག་པའི་བརྩམས་ཆོས་མང་པོར་བལྟ་བ་དང་། རིག་པའི་གཞུང་ལུགས་དེ་ཉིད་དངོས་ཡོད་འཚོ་བའི་ཁྲོད་དུ་ཉམས་སུ་མྱངས་ཏེ། ལྷག་པར་དུ་མི་རིགས་སློབ་གསོའི་དངོས་ཡོད་སློབ་སྒྲུབ་དང་འཚམས་མིན་ལ་དབྱེ་ཞིབ་བྱས་པ་ཡིན་ཟེར། ཁོ་མོས་བཤད་རྒྱུར། ང་ཚོ་འཕྲང་དམར་བཅའ་སྡོད་སློབ་ཆུང་ལྟ་བུའི་སློབ་གཙོ་ཞིག་ལ་མཚོན་ན། གཞུང་ལུགས་ཀྱི་རྒྱབ་རྟེན་དང་སློབ་སྒྲུབ་ཀྱི་ཉམས་མྱོང་། སློབ་གསོ་ལ་བཅངས་བའི་ལྷག་བསམ་གསུམ་ལས་ཕྱི་མ་གལ་ཆེ་ཞིང་། སློབ་ཆུང་སློབ་མ་ཞིག་སྐྱེད་སྲིང་བྱེད་པའི་དམིགས་འབེན་གཙོ་བོ་ནི། སློབ་མ་དེའི་རྒྱུད་ལ་ཡོན་ཏན་ག་འདྲ་ཞིག་འབྱོར་དུ་འཇུག་རྒྱུ་དེ་གཙོ་བོ་མ་ཡིན་པར། གྲོགས་པོ་ཆུང་ཆུང་ཚོར་སློབ་སྦྱོང་གི་སེམས་ཁམས་ཡག་པོ་ཞིག་སྐྲུན་རྒྱུ་དང་། སློབ་མའི་གཞུང་རྒྱུད་ཇེ་དྲང་དང་། སྤོབས་པ་ཆེར་བསྐྱེད། སློབ་སྦྱོང་ལ་དམིགས་འབེན་ཡོད་པ་དང་ཤེས་བྱའི་བྱ་འགུལ་སྣ་ཚོགས་ལ་སྤྲོ་བ་ལྡན་པ། སློབ་མའི་དགའ་ཕྱོགས་ལ་བརྩི་འཇོག་བྱེད་པ། ཀུན་སྤྱོད་སློབ་གསོ་དམ་འཛིན། གནས་ལུགས་དང་ཆོས་ཉིད་མང་པོ་ངོ་སྤྲོད། གཟུགས་གཞི་དང་སེམས་ཁམས་བདེ་ཐང་ལ་སྣེ་ཁྲིད་པ། མཛའ་སེམས་དང་བརྩེ་སེམས་ཡོད་པར་བློ་སྦྱོང་བྱེད་པ། མདོར་ན། མི་གཤིས་བཟང་ཞིང་ཀུན་སྤྱོད་ལྡན་པ། གུས་ལུགས་ལྡན་ཞིང་རང་གཤིས་ཡོད་པའི་སློབ་མ་འཇོན་ཐང་ཅན་ཞིག་སྐྱེད་སྲིང་བྱེད་རྒྱུ་ནི་བདག་གི་རེ་བ་ཡིན་ཟེར།
ཡང་གཅིག་བཤད་ན། དགེ་རྒན་ཞིག་ལ་མཚོན་ན། རང་ཉིད་ཀྱིས་ཁྲིད་བྱའི་བསླབ་ཚན་དེ་ལ་བྱང་ཆ་ལྡན་དགོས་པ་མ་ཟད། སློབ་ཁྲིད་ཀྱི་ཐབས་ལམ་ཁྱད་ཆོས་ཅན་དང་ཚན་རིག་ཅན་དུ་བསྒྱུར་ནས་སྤུས་ཚད་སློབ་གསོ་དང་རྒྱུན་མཐུད་སློབ་གསོའི་ཆ་རྐྱེན་ཡོངས་སུ་ཚང་བའི་སྒོ་ནས་སློབ་མ་རེ་རེ་སྙིང་ནས་གཅེས་དགོས་ལ་སེམས་ཀྱིས་སྐྱོང་དགོས། དགེ་རྒན་ཞིག་ལ་མཚོན་ན་སློབ་གསོར་བཅངས་བའི་ཕུག་སེམས་དང་ལྷག་བསམ་བླ་ན་མཐོ་བ་ཞིག་ཡོད་དགོས་པ་མ་ཟད། རྒྱུད་ལ་ཡོན་ཏན་གྱིས་ཕྱུག་པ། བརྩོན་སེམས་ལྡན་པ། ཐབས་ལ་མཁས་པ། ཀུན་སྤྱོད་ཡག་པ། སྤྱི་སེམས་ཆེ་བ། དྲང་བདེན་འཚོལ་བ། ལས་ལ་བཀུར་བ་བཅས་ནི་རྩ་བའི་ཆ་རྐྱེན་ཡིན་ལ། སློབ་གསོ་ལ་དུང་བ་ཟབ་དྲག་པའི་སློབ་གསོ་བ་སུ་ཞིག་ཡིན་རུང་། རང་ཉིད་ཀྱི་མི་ཚེའི་ལས་གནས་དང་སློབ་གསོའི་རྒྱུད་རིམ་ཁྲོད་གཞལ་དུ་མེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ལོན་ཐུབ་ཅིང་། གཞུང་ལུགས་དང་ཉམས་མྱོང་། ལྷག་བསམ་བཅས་ཟུང་དུ་སྦྲེལ་རྒྱུ་ནི་མི་རིགས་སློབ་གསོ་འཕེལ་རྒྱས་ཀྱི་རྩ་བ་ཡིན་ལ། གཞི་རིམ་སློབ་གསོ་གོང་འཕེལ་དུ་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་དུ་གྲུབ་པས། གཞུང་ལུགས་ཀྱི་རྒྱབ་རྟེན་ལ་བསྟེན་ནས་མི་རིགས་སློབ་གསོ་ཡི་ཁ་ཕྱོགས་སྟོན་དགོས་ལ། ཕུན་སུམ་ཚོགས་པའི་ཉམས་མྱོང་བསྡུས་ནས་གཞི་རིམ་སློབ་གསོའི་སྐས་རྐང་གསར་བ་བསྙེགས་པ། དུང་སེམས་དང་ལྷག་བསམ་སྣུམ་པོ་རེ་ཁྱེར་ནས་མི་རིགས་སློབ་གསོ་ཡི་རེ་བ་རླངས་པ་མཁའ་རུ་འཕྱུར་དུ་འཇུག་དགོས།
སློབ་གསོ་ཡི་བརྩེ་སེམས་ཁྲོད་ནས། ཕུགས་བསམ་ལ་འོད་མདངས་རྒྱས་ཡོད།
སློབ་གསོ་ལ་བརྩེ་སེམས་ཤིག་མེད་ན་ང་ཚོ་མི་རིགས་སློབ་གསོ་ཡི་ཁོངས་མི་དངོས་མི་ཞིག་བྱེད་དཀའ་ལ། སློབ་གསོ་ལ་ལྷག་བསམ་ཞིག་མེད་ན་ང་ཚོས་ཕ་ཡུལ་གྱི་སློབ་གསོ་རྗེས་ལུས་ཡིན་པའི་རྣམ་པ་ཅིས་ཀྱང་བསྒྱུར་དཀའ་བས། སློབ་གཙོ་སྐལ་བཟང་སྒྲོལ་མས་དུས་རྒྱུན་དུ“ང་ཚོ་འཕྲང་དམར་ཡུལ་ཚོ་ལ་མཚོན་ན་ཁྲི་ཀའི་ཡུལ་གྱི་འབྲོག་ཁུལ་གཅིག་པུ་ཡིན་ལ། ང་རང་གི་ཕ་ས་ཕ་ཡུལ་དང་སྐྱེས་ས་སྐྱེས་ཡུལ་ཡང་ཡིན། ང་ཚོའི་ཕ་ཡུལ་སྲིད་འབྱོར་རིག་གསུམ་ཀུན་གྱི་ཐད་ནས་རྗེས་ལུས་ཡིན་པའི་ཁར་སློབ་གསོ་མ་ལག་ཆ་ཚང་མིན། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་དལ་ཞིང་། བརྡ་འཕྲིན་རྗེས་ལུས་ཡིན་པ། སློབ་གསོའི་ཆ་རྐྱེན་ཞན་པ། མི་རྣམས་ཀྱི་བསམ་བློ་ཀུན་སྤྱོད་དང་རིག་གནས་འདུ་ཤེས་ཞན་དྲགས་པའི་དབང་གིས་བུད་མེད་ཀྱི་ཐོབ་ཐང་དང་གོ་གནས་ལ་བརྩི་འཇོག་མི་བྱེད་པ། ཐ་ན་སྐྱེས་མ་ཚོར་རིག་གནས་སློབ་ཏུ་མི་འཇུག་པའི་གནས་ཚུལ་ཡོད་པས། བདག་ནི་ཁོར་ཡུག་འདི་དང་ཁ་དབུགས་འདིའི་ཁྲོད་དུ་འཚར་ལོངས་བྱུང་བའི་བུད་མེད་སློབ་གྲྭ་བ་དང་བུད་མེད་ལས་བྱེད་པའི་མཚན་སྙན་དང་ཆོ་ལོ་འཛིན་མཁན་ཞིག་ཡིན་པས། བདག་གིས་ཡིད་མུག་པའི་མཚན་སྙན་འདི་དང་ང་རྒྱལ་གྱི་ཆོ་ལོ་འདི་ཅིས་ཀྱང་དམ་དུ་བཟུང་སྟེ། ས་གནས་སློབ་གསོ་ཡི་རེ་བའི་རླངས་པ་མཁའ་རུ་འཕྱུར་བར་རང་ནུས་ཡོད་ཚད་འདོན་རྒྱུ་ནི་ཕ་ཡུལ་ལ་བཅངས་བའི་བརྩེ་སེམས་ཡིན་ལ། སློབ་གསོ་ལ་བཅངས་པའི་ཕུགས་བསམ་ཡང་ཡིན”ཟེར། ཁོ་མོས་ད་དུང་བཤད་རྒྱུར། ཕ་ཡུལ་དར་རྒྱས་སུ་གཏོང་བའི་རེ་བ་ནི་སློབ་གསོ་ཡིན་ལ། སློབ་གསོ་དར་རྒྱས་སུ་གཏོང་བའི་རེ་བ་ནི་དགེ་རྒན་ཡིན། དགེ་རྒན་གྱི་རྒྱུ་སྤུས་ཀྱིས་སློབ་མའི་བློ་ཁ་བསྒྱུར་ཐུབ་ལ། མི་རིགས་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཐུབ། དགེ་རྒན་གྱི་རྒྱུ་སྤུས་ཇེ་མཐོར་གཏོང་བ་དང་སློབ་མའི་སློབ་འབྲས་ཡག་པོ་ཐོབ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་འགན་དཀའ་ཚེགས་ཆེ་བ་ཞིག་རེད། ང་ཚོས་སློབ་གསོ་ལ་བརྩེ་སེམས་བླ་ལྷག་ཅིག་བཅངས་ཏེ་ཐུན་མོང་གི་སྙིང་སྟོབས་དར་སྤེལ་དུ་བཏང་ནས་མཐུན་སྒྲིལ་མཉམ་ལས་དང་། ལྷག་བསམ་རྣམ་དག ཡིད་ཆེས་བརྟན་པོ། ཆེད་ལས་ཅན་དང་ཡོན་ཚད་ཅན། རྒྱུ་སྤུས་ཅན་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།
འཚོལ་སྙེག་དང་སྨོན་འདུན་བསྣམས་ནས། མ་འོངས་པར་འཕུར་སྐྱོད་བྱེད།
སློབ་གསོའི་གངས་ཐང་དུ་བཞད་པའི་མེ་ཏོག་གངས་ལྷ་འདིར་མཚོན་ན། རླུང་འཚུབ་ཀྱི་འཇབ་རྒོལ་དྲག་ཅིང་ཁ་བའི་འདབ་མ་ཇི་འདྲའི་སྟུག་ནའང་མེ་ཏོག་གི་འདབ་མ་ནམ་ཡང་སྐམ་མ་མྱོང་ལ་དྲི་ཞིམ་གྱི་བསུང་ངད་ནམ་ཡང་ཆད་མ་མྱོང་བར་གངས་རིའི་ཁོང་གསེང་ནས་བཞད་པའི་མེ་ཏོག་གངས་ལྷ་སྟེ། ཁོ་མོས་ཕ་ཡུལ་གྱི་སློབ་གསོའི་གནས་བབ་ལ་བསམ་གཞིག་དང་འཚོལ་སྙེག་བྱེད་ཞོར་དུ། བརྩོན་སེམས་དང་བརྩེ་སེམས། གསར་སྙེག་བཅས་ཀྱི་སྨོན་འདུན་ཕྲ་མོ་དེ་ནམ་ཡང་སློབ་གསོའི་ལས་དོན་ལ་བཅངས་ནས། སློབ་སྒྲུབ་ཀྱི་དམིགས་འབེན་དེ་སློབ་མའི་མི་གཤིས་གསོ་སྐྱོང་བྱེད་པར་དམིགས་ཏེ། ཕྱོགས་ཡོངས་ནས་མི་གཞི་གསོ་སྐྱོང་དང་ཁྱད་ཆོས་ཅན། བརྩོན་སེམས་ཅན། ཕུགས་འདུན་ཅན་དང་མི་རིགས་ཅན་དུ་བསྒྱུར་བར་དཀའ་སྤྱད་འབད་བརྩོན་བྱེད་ཀྱིན་ཡོད། བདེན་འཚོལ་གསར་སྙེག་གི་སྙིང་སྟོབས་མཛུབ་སྟོན་འོག དུས་དང་རྣམ་པ་ཀུན་དུ་སློབ་གསོའི་སྒྲུབ་སྟངས་དབྱེ་ཞིབ་དང་སློབ་མ་གསོ་སྐྱོང་ལ་ཞིབ་འཇུག་བྱས་ཏེ། སློབ་གྲྭས་དཀྱིལ་སྙིང་གཅིག་ལ་དམིགས་པ་དང་། གཙོ་གནད་གཉིས་འབུར་དུ་ཐོན་པ། སྒྲིག་གཞི་གསུམ་འཐུས་ཚང་དུ་གཏོང་བ། བཅོས་སྒྱུར་བཞི་ལག་བསྟར་བྱེད་པ། རྩ་བ་ལྔའི་དམིགས་འབེན་མངོན་འགྱུར་བྱེད་པ་བཅས་དམ་འཛིན་བྱས་ཏེ། མཚོ་ལྷོ་ཁུལ་གྱི་སློབ་གསོ་ལེགས་སྒྲིག་གི་གོ་སྐབས་དམ་འཛིན་བྱས་ནས་སློབ་གྲྭའི་ཆ་རྐྱེན་སྔར་ལས་ལྷག་པར་ལེགས་བཅོས་བྱེད་རྒྱུ་དང་། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་དང་ཁོ་ཚོའི་སྤུས་ཚད་མཐོར་འདེགས་སུ་བཏང་ནས་སྐད་གཉིས་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། སློབ་ཁྲིད་ཀྱི་སྤུས་ཀ་ཇེ་ལེགས་སུ་བཏང་ནས་སློབ་གྲྭའི་རྣམ་པ་ཉིན་བཞིན་ཡར་རྒྱས་ཡོང་བ་དང་། བདེ་ཐང་ལྡན་པ། གུས་ཞབས་ཡོད་པ། ཚད་ལྡན་ཅན་དང་འཆམ་མཐུན་ཅན་གྱི་ཕྱོགས་སུ་ཧུར་སྐྱོད་བྱེད་བཞིན་ཡོད།
རྩོམ་གསར། 10