གདུལ་བྱའི་ཚོགས་རྣམས་བྱམས་དང་སྙིང་རྗེས་བསྐྱངས།།ཡང་དག་རིགས་པའི་གནད་གསང་བརྟོལ་བར་མཁས།། 

དངོས་གྲུབ་སྒྲོལ་མས་བྲིས།        2018-08-24

  

གདུལ་བྱའི་ཚོགས་རྣམས་བྱམས་དང་སྙིང་རྗེས་བསྐྱངས།།ཡང་དག་རིགས་པའི་གནད་གསང་བརྟོལ་བར་མཁས།། 

 སློབ་དཔོན་ཆེན་པོ་ཐུབ་བསྟན་ཕུན་ཚོགས་མཆོག་ནི་དཀར་མཛེས་ཁུལ་སྡེ་དགེ་རྫོང་དཔལ་སྤུངས་ཡུལ་ཚོ་སྤ་སྨད་གྲོང་སྡེའི་ཞིང་པ་དཀྱུས་མའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་ཤིང་། ལོ་བརྒྱད་སོན་པའི་ཚེ་ཡབ་ཡུམ་གཉིས་ཀྱིས་ཁོང་དཔལ་བཟང་ཚེ་རྣམ་གྱི་དྲུང་དུ་བསྐྱལ་ནས་ཡི་གེའི་སྦྱོར་ཀློག་བསླབ་ཏུ་བཅུག སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་ཞིང་གུས་རྟག་གི་བརྩོན་པ་དྲག་པས་ལོ་གཅིག་ལས་མ་དགོས་པར་ཁོང་གིས་ཡི་གེ་སྦྱོར་ཀློག་འབྲི་གསུམ་བྱང་ཆུབ་པར་ཤེས་ཤིང་། མི་རྣམས་ལ་གླིང་གེ་སར་རྒྱལ་པོའི་སྒྲུང་ཡང་བཤད་འདོན་བྱས་གཤིས་ཚང་མས་བསྟོད་བསྔགས་ཀྱི་མེ་ཏོག་ཡང་ཡང་གཏོར། དེའི་རྗེས་དཔལ་སྤུངས་དགོན་པའི་སྐྱེས་ཆེན་དམ་པ་དུ་མའི་དྲུང་དུ་བརྡ་སྤྲོད་རིག་པ་དང་། སྙན་ངག བོད་ཀྱི་ལོ་རྒྱུས། ཐང་ག་འབྲི་རྩལ། བོད་ཀྱི་ཡིག་གཟུགས། བོད་ཀྱི་གསོ་བ་རིག་པ། གནམ་རིག་སྐར་རྩིས། མཚན་ཉིད་རིག་པ་དང་སྤྱོད་འཇུག  ན་རོ་ཆོས་དྲུག་སོགས་ལ་སློབ་གཉེར་དཔྱིས་ཕྱིན་པ་མཛད་ཅིང་། དཔལ་སྤུངས་སུ་བཞུགས་རིམ་དུ་ལོ་བདུན་བསྟུད་མར་བོད་ཀྱི་ལོ་ཐོ་རྩོམ་སྒྲིག་མཛད། བགྲང་བྱ་བཅུའི་རིང་ལ་དཔལ་སྤུངས་དགོན་དུ་སློབ་གཉེར་མཛད་ཅིང་ཡུལ་དེ་གར་མཁས་པའི་གྲགས་པ་རབ་ཏུ་འབར། ཁོང་གི་ཆེད་རྩོམ་དེབ20པར་སྐྲུན་བྱས་ཤིང་ཆེད་ལས་དཔྱད་རྩོམ50ལྷག་རྒྱལ་ཕྱི་ནང་གི་དུས་དེབ་ཏུ་བཀོད་ཡོད་ལ། བོད་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་སྟོང་ལ་ཉེ་བར་གསོ་སྐྱོང་གནང་ཡོད། 

རིག་ལམ་རྣམ་པར་དཔྱོད་པའི་རྣམ་དཔྱོད་ལས།། རིག་གཞུང་འོ་མའི་ཆུ་གཏེར་རབ་ཏུ་བརྡོལ།། 

  ཁོང་གིས་སྔ་ཕྱིར《བོད་ཀྱི་བརྡ་སྤྲོད་རིག་པའི་དྲིས་ལན།》དང་། 《བོད་ཀྱི་ལོ་ཐོ་རིན་ཆེན་སྙིང་བསྡུས།》《བོད་སྨན་གཅེས་བཏུས།》《བོད་ཀྱི་ལོ་རྒྱུས་གནད་བསྡུས།》《བོད་ཀྱི་གསོ་རིག་གི་མི་ལུས་གྲུབ་སྟངས།》《བོད་ཀྱི་གསོ་རིག་བརྟག་བཅོས》《བོད་སྨན་གྱི་བརྟག་ཐབས།》《བོད་ཀྱི་སྙན་ངག་གི་འབྱུང་ཁུངས་དང་འཕེལ་རྒྱས།》《མི་ལུས་དང་སེམས་ཁམས།》《བོད་རིག་པའི་རྣམ་གཞག》《བོད་སྨན་གྱི་འབྱུང་རྒྱུའི་སྐོར་གླེང་བ།》《སློབ་ཆེན་བོད་ཡིག་བརྡ་སྤྲོད་སློབ་གཞི》《སློབ་ཆེན་བོད་ཀྱི་སྙན་ངག་ཁྲིད་གཞི》《སྡེ་དགེའི་ལོ་རྒྱུས》《ཚད་མ་རིག་པའི་ཁྲིད་གཞི》《བོད་ཀྱི་ལོ་རྒྱུས་བྱིས་པ་དགའ་བསྐྱེད》སོགས་ཆེད་རྩོམ་དེབ20པར་སྐྲུན་གནང་ཡོད། བོད་ཡིག་ཚིག་གཏེར་རྒྱ་མཚོ་སྟོད་སྨད་བར་གསུམ་རྩོམ་སྒྲིག་གནང་ཞིང་འགྱུར་ཡིག་བརྩམས་ཆོས《ཟླ་བའི་གོ་ལར་ཆུ་ཡོད》སོགས་ཡོད། 

 ཁོང་གིས་ད་དུང་བོད་རྒྱ་དབྱིན་གསུམ་གྱིས་ཆེད་ལས་དཔྱད་རྩོམ50ལྷག་《ཀྲུང་གོའི་བོད་རིག་པ》སོགས་རྒྱལ་ཕྱི་ནང་གི་དུས་དེབ་ཏུ་བཀོད་ཅིང་། རྒྱལ་སྤྱི་དང་རྒྱལ་ནང་གི་བྱ་དགའ་ཆེན་པོ་ཐེངས་མང་ཐོབ་མྱོང་། 

 དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་མཆོག་སྔ་ཕྱིར་རྒྱལ་ཁབ་ཀྱི་ཚད་ལྡན་བོད་ཡིག་སྒྲིག་ཨང་གི་ལས་གཞིར་ཞུགས་ཤིང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི211པའི་ལས་གཞི་སྟེ་ཕྱི་ཕྱོགས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་གནས་ཚུལ་བརྟག་དཔྱད་ཞིབ་འཇུག་ཅེས་པ་དང་། 985ཡི་ལས་གྲྭར་གཏོགས་པའི་བོད་སྨན་གྱི་འབྱུང་རྒྱུ་ཞིབ་འཇུག་ཅེས་པའི་ལས་གཞི་ལེགས་གྲུབ་བྱུང་ཡོད། ལྷོ་ནུབ་མི་རིགས་སློབ་ཆེན་ཁམས་བོད་རིག་གནས་ལོ་རྒྱུས་ཞིབ་འཇུག་ཅེས་པའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་ཆེན་པོ་སྟེ་བོད་སོག་གསོ་རིག་ལོ་རྒྱུས་དང་ད་བབ་ཞིབ་འཇུག་གི་དབུ་ཞུགས་ཆེད་རམས་པའི་འགན་བཞེས། རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་ཆེན་པོ་སྟེ་བོད་ཡིག་ཤིང་བརྐོས་ལོ་རྒྱུས་འཕེལ་རྒྱས་ཞིབ་འཇུག་གི་ཡན་ལག་བསྒྲུབ་གཞི་དང་བོན་ཆོས་ཞིབ་འཇུག་བསྒྲུབ་གཞིའི་འགན་སོགས་བཞེས་ཡོད།  

སྤྱི་ལོ1994ལོར་དབྱིན་ཇིའི་སུའུ་ཀེ་ལན་བོད་རིག་པའི་ལྟེ་གནས་སུ་གདན་འདྲེན་ཞུས་ནས་བོད་ཀྱི་གསོ་བ་རིག་པའི་འཆད་འཁྲིད་སྤེལ་བ་ནས་བཟུང་། ཁོང་སྔ་ཕྱིར་ཨ་རི་དང་དབྱིན་ཇི། དབྱི་ཏ་ལི། སུའེ་ཙེར། ཞི་པན་ཡ་སོགས་སུ་བོད་ཀྱི་གསོ་རིག་དང་ནང་བསྟན་ཆོས་ལུགས། བོད་ཀྱི་ལོ་རྒྱུས། གནམ་རིག་སྐར་རྩིས་སོགས་འཆད་འཁྲིད་གནང་བར་ཕེབས་ཤིང་། རྒྱལ་སྤྱིའི་རང་བཞིན་གྱི་བོད་རིག་པའི་འདུ་ཚོགས་དང་བོད་ཀྱི་གསོ་རིག་ཞིབ་འཇུག་བཅས་ཀྱི་རིག་གཞུང་བྱེད་སྒོ་ཐེངས་ལྔར་ཞུགས་མྱོང་། ད་ལྟ་ཁོང་གི་བོད་ཀྱི་གསོ་རིག་སྐོར་གྱི་ཆེད་རྩོམ་དེབ་བཞི་དབྱིན་ཡིག་དང་དབྱི་ཏ་ལིའི་སྐད་དུ་བསྒྱུར་ཡོད་པ་རེད།  

འཆད་ལ་མཁས་ཤིང་རྩོད་པའི་སྤོབས་པ་མཐོ།། རིགས་ལ་ཕན་པའི་ལྷག་བསམ་འོད་དཀར་འཕྲོས།།

དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་མཆོག་གིས་སློབ་ཁྲིད་གནང་བའི་ཚེ་བརྗོད་དོན་གནད་ལ་འཁེལ་ཞིང་སླ་བ་ནས་དཀའ་བ་དང་། ཆུང་ས་ནས་ཆེ་སར་རིམ་གྱིས་ཁྲིད་པ། སློབ་ཁྲིད་ཡོངས་སུ་ལུང་དང་རིགས་པ། དཔེ་དང་ཁ་མཚར་གྱིས་བརྒྱན་པ། གནད་དོན་དབྱེ་ཞིབ་དཔྱིས་ཕྱིན་པ་བཅས་ཀྱི་ཐུན་མིན་ཁྱད་ཆོས་ཡོད་པས་ཉན་པ་པོར་སུན་སྣང་གཏན་ནས་སྐྱེ་མི་སྲིད་པ་རེད། 

ལོ་ཆུང་ཚོས་སྐད་ཆ་གང་བཤད་པ་དང་བྱ་བ་གང་བསྒྲུབས་ཀྱང་ཁུངས་ལུང་དང་གཞི་འཛིན་ས་དགོས་ཀྱི་རེད། ཁྱོད་ཚོ་ནི་ཞོགས་པའི་ཆུ་ཚོད་བརྒྱད་དགུ་ཙམ་ལ་འཆར་བའི་ཉི་མ་གཞོན་ནུ་དང་འདྲ་བ་རེད། རྒྱལ་ཁབ་དང་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བའི་འགན་འཁྲི་ཁྱོད་ཚོའི་ཕྲག་ཏུ་ལྷུང་ཡོད་ཅེས་ཁོང་གིས་དུས་རྒྱུན་སློབ་མ་ཚོར་དེ་ལྟར་གསུངས་ཤིང་དོན་ཐོག་སློབ་མ་ཚོར་ནན་པོར་གཅུན་པ་ལས་རང་སྣང་གང་ཤར་གྱི་ལང་ཤོར་གཏན་ནས་གཏོང་གི་མེད། ཁོང་གིས་རང་གི་དཔེ་སྐྲུན་ཟིན་པའི་དཔེ་ཆ་དག་སློབ་མ་ཚོར་རིན་མེད་ཀྱིས་བྱིན་པ་དང་། དགེ་སློབ་གྱི་འཕྲིན་ཕྲན་ཚོགས་པ་བཙུགས་ཏེ་དུས་ཐོག་ཉམས་མྱོང་སྤེལ་རེས་དང་སློབ་མའི་དོགས་གཞི་བསལ་བ་རེད། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་མར་ཕ་མའི་ཚབ་མཛད་དེ་རོགས་སྐྱོར་གང་ལེགས་གནང་། ཁོང་གིས་ནམ་རྒྱུན་སློབ་སྦྱོང་ལ་སྔ་ཕྱི་དང་ལོ་ན། ཕོ་མོ་སོགས་ཀྱི་དབྱེ་བ་མེད། རྒྱ་བོད་དབྱིན་གསུམ་སོགས་སྐད་རིགས་དུ་མ་ཤེས་ན་འཛམ་གླིང་ལ་ཤེས་རྟོགས་དེ་བས་ཡངས་པ་རེད་ཅེས་གསུངས་ཤིང་། ཁོང་རང་ཉིད་ཀྱིས་ཀྱང་དགུང་ལོ38ནས་ད་གཟོད་དབྱིན་ཡིག་སྦྱོང་འགོ་ཚུགས་ཤིང་ཞོགས་པའི་ཆུ་ཚོད་ལྔ་པར་ལངས་ནས་ཐ་སྙད་བློར་འཛིན་གནང་བ་དང་། གོམས་གཤིས་དེ་ད་བར་དུ་རྒྱུན་འཁྱོངས་གནང་ཡོད་པ་རེད། དེའི་ཐོག་ནས་ང་ཚོས་ཤེས་བྱ་ཡོན་ཏན་ཟད་མཐའ་མེད། མ་འཆིའི་བར་དུ་བརྩོན་འགྲུས་བྱ་ཞེས་པའི་གནས་ལུགས་ངང་གིས་ཤེས་ཐུབ། 

ཁོང་ལ་ད་དུང་དངོས་ཡོད་སྤྱི་ཚོགས་ཀྱི་སྣང་ཚུལ་ལུགས་དང་མི་མཐུན་པ་དང་། རིག་གཞུང་ཐད་དོགས་པ་སེལ་འོས་པའི་གནད་དོན་གང་མང་ལ་དམིགས་ནས་འཕྲིན་ཕྲན་སྤྱི་སྟེགས་བརྒྱུད་ནས་སྐད་ཆ་བཤད་ཕོད་པའི་སྙིང་སྟོབས་ཐུན་མོང་མ་ཡིན་པ་ཞིག་ལྡན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ཡང་དེང་གི་ལོ་ཆུང་རྣམས་ཀྱི་རིག་ལམ་གསར་དུ་ཕྱེ་སྟེ་རྨོངས་གཉིད་ལས་སད་པ་ཐུབ་པ་དང་། བླུན་པོ་ཆུ་སྣ་ག་ཁྲིད་དུ་མི་འགྱུར་བ། རིག་གཞུང་བགྲོ་གླེང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་པའམ་གདུལ་བྱ་འདུལ་བའི་དོན་ལྡན་གྱི་བློ་བསྐྱེད་ལས་སྡང་ཞུགས་ཀྱིས་སུན་ཅི་ཕྱིན་གྱི་བློ་ངན་སྐྱེད་མེད་པ་ཁོང་གི་གསུང་ལས་ཤེས་ནུས་ཤིང་། ཕུགས་སུ་རང་རིགས་ལ་གནོད་པའི་བྱ་བ་ཕྲན་ཚེགས་ཙམ་ཡང་སྣང་མེད་དུ་བསྐྱུར་བར་མི་ཕོད་པའི་ལྷག་བསམ་འོད་ཟེར་དཀར་པོ་ཞིག་ཁོང་གི་ཐུགས་སུ་ནམ་ཡང་འཕྲོ་བཞིན་པ་ལགས་སོ།། 

 


  • ལེ་ཚན་སྔོན་མ།:ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བདེ་སྐྱིད་འཚོའི་གནས་ཚུལ་ཆེད་བཀོད།
  • ལེ་ཚན་རྗེས་མ།:བོད་ཀྱི་བརྡ་སྤྲོད་སྨྲ་བའི་ཁྱུ་མཆོག་སྟེ་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ།
  • དོ་སྣང་ཆེ་བའི་རྩོམ།