བཀྲ་ཤིས། 2012-11-13
གླེང་གཞི། སློབ་གཉེར་བྱེད་པའི་དུས་སུ་སློབ་དཔོན་དང་རིགས་ཞེན་ཅན་རྣམས་ཀྱི་གསུང་ལས་སྡེ་རོང་ཚེ་རིང་དོན་གྲུབ་ཅེས་གནམ་ལ་འབྲུག་གྲག་གྲག་དང་ས་ལ་ཆར་འབབ་འབབ་ལྟར་དུ་རྣ་བས་ཐོས་མྱོང་། རེད་དེ། རིག་པའི་རྣམ་དཔྱོད་ཕྲ་ལ་མཐོང་ཐོས་མྱོང་གསུམ་ཉུང་བས་མཁས་པ་ཁོང་གི་བགྲོད་ལམ་དང་ཞབས་རྗེས་ལ་བསམ་བློ་འཁོར་མེད། ལས་འབྲས་རྣམ་པར་སྨིན་པ་བསམ་མི་ཁྱབ་ཅེས་པ་ལྟར་ལོ་ངོ་མང་ཙམ་འདས་རྗེས་ཁོང་དང་འཇལ་བའི་སྐལ་བ་ཐོབ་པ་མ་ཟད་ཁ་བརྡ་ལབ་གླེང་དང་བཀའ་དྲིན་ཞུ་བའི་དུས་ཚོད་ཀྱང་མི་ཉུང་བ་ཞིག་ཐོབ། ཁོང་ནི་གཤིས་རྒྱུད་འཇམ་ལ་བག་ཆགས་ལྡན། རིགས་ལ་ཞེན་ཞིང་སྤྱི་སེམས་ཆེ། དཔྱོད་ལ་མཁས་ཤིང་ཐུགས་རྒྱ་ཡངས་བས་ལས་ལ་བརྩོན་ཞིང་སྤྱང་གྲུང་ལྡན་པ་དང་། བྱམས་སེམས་ཆེ་ལ་དཔའ་ངར་ཅན་གྱི་མི་རིགས་ཞེས་པ་ནི་ཁོང་ལྟ་བུའི་གདུང་རྒྱུད་ལ་ཟེར་བ་ལོས་ཡིན་སྙམ་སྟེ་དགའ་སྤྲོ་ཚད་མེད་སྐྱེས་ནས་འཚོ་བ་དང་ལས་དོན་གྱི་ཐད་ལ་སྡུག་བསྔལ་ཁུར་དུ་བཟོད་པའི་ངར་ཤུགས་ཀྱང་ཐེངས་གཅིག་མིན་པར་ལན་མང་བསྐྱེད་མྱོང་། དེས་ན་ཁོང་གི་འདས་ཟིན་པའི་ཤུལ་ལམ་དང་ད་ལྟའི་བགྲོད་ལམ། མ་འོངས་པའི་བསམ་ལམ་བཅས་ངོ་སྤྲོད་ཙམ་བྱ་རྒྱུ་ཡིན།
ཨི། ཉི་སྤྲིན་རླུང་གསུམ་ལས་ས་གཞི་དྲོད་མོར་རྩ་ལག་རྒྱས།
དེང་སང་རྒྱལ་ཁབ་ཕྱི་ནང་ཀུན་དུ་མཁས་པ་ཆེན་པོ་དང་ལོ་རྒྱུས་རིག་པ་བ། བོད་རིག་པ་བ། ཡིག་ཚགས་རིག་པ་བ་ཞེས་མཚན་གྱི་སྙན་པ་ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དུ་གྱུར་བའི་སྡེ་རོང་ཚེ་རིང་དོན་གྲུབ་ནི༡༩༥༤ལོའི་ཟླ་བ༡༡པར་དཀར་མཛེས་ཁུལ་སྡེ་རོང་རྫོང་ཟུར་སྣང་ཤང་སྣང་བཟང་གྲོང་སྡེར་ཡབ་བརྩོན་འགྲུས་རྒྱ་མཚོ་དང་ཡུམ་སྐལ་བཟང་ལྷ་མོ་གཉིས་ལས་མི་ལུས་རིན་པོ་ཆེ་ཪྙེད། ༡༩༦༣ལོ་ནས༡༩༦༨ལོའི་བར་སྡེ་རོང་རྫོང་རི་ཡུས་སློབ་ཆུང་དུ་སློབ་སྦྱོང་བྱས། སྐབས་དེ་དུས་ཁྱིམ་ཚང་གི་ཆ་རྐྱེན་བཟང་རྒྱུ་མེད་མོད། བཀའ་དྲིན་ཅན་གྱི་ཡབ་ཡུམ་དང་བཅས་པའི་ཐུགས་ཁུར་ལ་བརྟེན་ནས་ཁོང་གིས་སྐར་མོས་ཞྭ་མོ་དང་བ་མོས་ལྷམ་བྱས་ཏེ་སློབ་སྦྱོང་ལ་འབད་ལ་ལྷོད་མེད་བྱས་པས་མི་ཚེ་རིང་པོའི་བགྲོད་ལམ་ལ་ཆེ་ཐོག་མའི་ས་བོན་གྲུང་པོ་རྨོ་འདེབས་བྱས། འོན་ཀྱང་ལས་བསམ་སར་མི་འགྲོ་གསེག་ཏུ་འགྲོ་ཞེས་པ་ལྟར་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རེ་ཞིག་སློབ་གཉེར་གྱི་མཚམས་ཆད་དེ༡༩༦༨ལོ་ནས་༡༩༧༣ལོའི་བར་ཕ་ཡུལ་དུ་ཞིང་ལས་བྱེད་དགོས་པར་གྱུར། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ཡུལ་མི་རྣམས་ཀྱི་བལ་ལས་འཇམ་པའི་གཤིས་ཀ་དང་ཆུ་ལས་རིང་བའི་ངང་རྒྱུད་ཀྱིས་ཁོང་ལ་ཡལ་རྒྱུ་མེད་པའི་བག་ཆགས་ཟབ་མོ་བཞག ཕ་ཡུལ་ཉི་མའི་ལུང་པའི་ཀ་བ་གྱེན་དུ་བསླངས་འདྲའི་རི་བོ་དང་དར་དཀར་རིང་དུ་བསྲིངས་པ་ནང་བཞིན་གྱི་ཆུ་བོ་ལས་ཁོང་གིས་དཀའ་ངལ་གྱི་མདུན་དུ་མགོ་བོ་སྒུར་མི་རུང་བ་དང་མི་ཚེའི་ལས་དབང་རང་གི་བསམ་སྤྱོད་ལ་རག་ལས་ཡོད་པའི་ངེས་ཤེས་ཪྙེད། ཁོང་གིས་གསུང་ལྟར་ན་སྐབས་དེ་དུས་ཡབ་ཡུམ་དང་བཅས་པའི་ཡུལ་མི་རྣམས་ཀྱི་རྗེས་སུ་འབྲངས་ཏེ་ལ་རྒྱབ་ཐུར་བབས་བྱས་པས་བསམ་བློའི་མཚོ་མོ་རུ་སྙིང་སྟོབས་ཀྱི་རྦ་རླབས་འཕྱུར་ཞིང་ཡིད་སེམས་ཀྱི་མཁའ་ལམ་དུ་ཕུགས་འདུན་གྱི་འཇའ་འོད་གུར་དུ་ཕུབ་པས་ཪྙེད་དཀའ་བའི་མི་ལུས་ཀྱི་ལང་ཚོ་ལུང་ཁུག་ཏུ་ཟད་སོང་ན་ཧ་ཅང་ཡིད་ཕངས་དགོས་པ་ཞིག་རེད་སྙམ་ནས་རང་ཉིད་ཀྱི་མི་ཚེའི་ལས་དབང་ལ་བསམ་བློ་བཏང་།
ཇི་སྐད་དུ། བུ་བསམ་གཞིག་ཅན་ལ་བསམ་དོན་འཁོར་ཞེས་པ་ལྟར༡༩༧༣ལོ་ནས༡༩༧༥ལོའི་བར་དུ་དཀར་མཛེས་ཁུལ་ནད་གཡོག་སྨན་པའི་སློབ་གྲྭ་རུ་སློབ་གཉེར་བྱེད་པའི་སྐལ་བཟང་ཐོབ་པས་ལྟོ་འདོད་ཅན་ཟས་དང་འཕྲད་པ་བཞིན་བརྩོན་འགྲུས་ཀྱི་གོ་ཆ་བགོས་ཏེ་མཐར་མི་སྨོན་རང་སྐྱིད་ཀྱི་སྦྱངས་འབྲས་རུམ་གང་ཁྱེར་ནས༡༩༨༠ལོའི་བར་ལ་ཁུལ་མི་དམངས་སྨན་ཁང་དུ་ཕྱག་ལས་གནང་། དེ་ནས་གོང་རིམ་གྱི་བཀའ་དང་བླངས་ཏེ༡༩༨༠ནས་ད་ལྟའི་བར་དུ་དཀར་མཛེས་ཁུལ་ཡིག་ཚགས་ཁང་དུ་དོན་སྙིང་ལྡན་པའི་བྱ་བ་མཛད་བཞིན་མཆིས།
ཨུ། ཟུངས་ཁྲགདྲོན་མོ་ལས་སྒང་པའི་ཕང་བ་རུ་ལོ་འབྲས་སྨིན།
ཁོང་གི་ཁྲག་རྩའི་སྦུབས་སུ་རང་ཉིད་ཀྱི་ཚེ་སྲོག་ཪྙེད་པའི་ཕ་ཡུལ་གྱི་རི་ཆུ་ལ་དུངས་པའི་ཟུངས་ཁྲག་བཞུར་ལ་དྲང་ཤིག་གེར་འགྱིང་བའི་བྱང་ཁོག་ཏུ་རིགས་མཐུན་ཡུལ་མི་རྣམས་ལ་གཅེས་པའི་མེ་ལྕེ་གྱེན་དུ་འབར་བས་དུས་ནམ་ཡང་ཕག་འཛུབ་ཀྱིས་མྱུ་གུ་འཆང་སྟེ་དགག་སྒྲུབ་ཀྱི་མདའ་མོ་འབེན་དུ་ཟུག་ཡོད། དཔེ་ཆ་ནི་མིའི་རིགས་ཀྱི་བསམ་པའི་རྒྱགས་ཕྱེ་ཡིན་ལ་དཔེ་ཆར་ལྟ་བར་གོམས་པའི་མི་རིགས་ནི་རེ་བ་ལྡན་པ་ཞིག་ཡིན་ཞེས་པ་ལྟར་དཔེ་དེབ་འདྲ་མིན་སྣ་ཚོགས་མཁོ་འདོན་དང་ཁྱབ་སྤེལ་བྱེད་ཆེད༡༩༩༠ལོར་རྡོ་རྗེ་དོན་གྲུབ་དང་མཉམ་དུ་ཁམས་པའི་དཔེ་ཚོང་ཁང་བཙུགས་པ་རེད། ༡༩༩༥ལོར་བོད་ཁུལ་གྱི་སྲིད་འབྱོར་རིག་གསུམ་དོ་དམ་བྱེད་ཐབས་ཀྱི་ཐད་ལ<བདག་གི་རེ་སྨོན>ཞེས་པ་བརྩམས་ཏེ་གོང་རིམ་ལ་ཕུལ་བས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཆེན་གནང་སྟེ་བོད་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་ལ་ནུས་པ་ཆེན་པོ་ཐོན་ཡོད། བོད་མི་རིགས་ཀྱི་གངས་ཆུ་ལས་རིང་བའི་ལོ་རྒྱས་དང་རྒྱ་མཚོ་ལས་ཟབ་པའི་རིག་གནས་ཕྱོགས་ཡོངས་ནས་སྨྲ་ཤེས་ལ་དོན་ཡང་གོ་བའི་མི་རྣམས་ལ་ངོ་སྤྲོད་བྱ་ཕྱིར་ལོ་ངོ་དུ་མའི་རིང་ལ་དཀའ་བ་རྒྱ་ཕྲག་དང་འབད་པ་སྟོང་ཕྲག བརྩོན་པ་འབུམ་ཕྲག་བྱས་ནས་རྒྱ་ཡིག་གིས《བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ》ཞེས་རྩོམ་སྒྲིག་བྱས་ཏེ་རིག་ཚན་འདིའི་ནང་གི་སྟོང་ཆ་བསྐངས་པས་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་རིག་པ་བ་དང་བོད་རིག་པ་བ་རྣམས་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་བསྟོད་བསྔགས་བྱས། 《ཡིག་ཚགས་ལས་དོན་རགས་བཤད》ཅེས་པའི་ལྗགས་རྩོམ་ནང་ལ་བཅོས་བསྒྱུར་གྱི་ཐབས་ལམ་གསུམ་བཏོན་དེ་གོང་རིམ་དབུ་ཁྲིད་རྣམས་ཀྱིས་དང་ལེན་བྱས་པས་ཀྲུང་གོའི་ཡིག་ཚགས་ལས་དོན་གྱི་སྒྲིག་གཞི་བཅོས་སྒྱུར་མདུན་དུ་དེད་ཡོད། 《དགོན་པའི་ཡིག་ཚགས་ལས་དོན་རགས་ཙམ་བརྗོད་པ》ཞེས་པས་ཆེས་ཐོག་མར་དགོན་པའི་ཡིག་ཚགས་ལས་དོན་ལ་རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ཀྱི་ཐོག་ནས་དཔྱད་གཞིའི་ཁུངས་ལུང་མཁོ་འདོན་བྱས་པ་རེད། ༢༠༠༥ལོར་དཀར་མཛེས་ཁུལ་གྱིས་མངགས་པ་ལྟར་རྫོང་སོ་སོར་བརྟག་དཔྱད་ཞིབ་འཇུག་ཏུ་ཕེབས་ནས་དཀར་མཛེས་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། སློབ་གསོ་དང་འཕྲོད་བསྟེན་གྱི་གནས་བབས། བོད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་སྤེལ་གཏོང་ཚུལ། སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ཁུལ་ཨུ་ལ་སྙན་ཞུར་ཕུལ་བས་ཕན་འབྲས་ཡིད་སྨོན་དགོས་པ་ཐོབ།
༢༠༠༦ལོར་སི་ཁྲོན་བཪྙན་འཕྲིན་ཁང་དུ་ཁམས་པའི་བོད་སྐད་བཪྙན་འཕྲིན་ཞེས་པའི་ལེ་ཚན་ཞིག་སྣོན་དགོས་པའི་བསམ་འཆར་རྒྱལ་ཁབ་རྒྱང་བསྒྲགས་བཪྙན་འཕྲིན་སྤྱི་ཁྱབ་ཅུས་དང་སི་ཁྲོན་ཞིང་ཆེན་ཏང་ཨུ་ཡིས་མཐོང་ཆེན་གནང་སྟེ་༢༠༠༩ལོའི་ཟླ༦པའི་ཚེས༢༢ནསདངོས་སུ་བཏང་བས་བོད་ཀྱི་སྤྱི་ཚོགས་བདེ་འཇགས་དང་རིག་གནས་ཁྱབ་སྤེལ། ཕན་ཚུན་འབྲེལ་འདྲིས་དང་རྒྱུས་ལོན་ལ་རྔོ་ཐོགས་དང་ཐོགས་བཞི་ན་པ་ལགས། ༢༠༠༧ལོར《ཞི་ཞིང་བདེ་བའི་བོད་ཁུལ་སྒྲིགའཛུགས་བྱ་རྒྱའི་སྐོར་གྱི་བསམ་འཆར་ཆ་ཤས》དང《མདོ་དབུས་མཐོ་སྒང་གི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་བྱེད་ཐབས་བཅོ་ལྔ》ཞེས་པ་གཉིས་ཀྱིས་བོད་ཀྱི་སྤྱི་ཚོགས་དང་རིག་གནས། ཁོར་ཡུག་བཅས་ཀྱི་ཐད་ལ་དུས་སུ་བབས་པའི་ཆར་པ་ལྟར་ཕན་ནུས་ཆེན་པོ་ཐོབ་ཡོད། 《གནའ་བོའི་ཁྲོན་མིའི་འབྱུང་ཁུངས་གསེད་འགྲོལ སང་ཤིང་ཏོའུ། ཅིང་ཧྲ་གནའ་ཤུལ། དང་བོད་ཀྱི་རིག་གནས》ཞེས་པའི་ལྗགས་རྩོམ་དེ༢༠༡༠ལོའི་ཟླ༧པར་པར་དུ་བསྐྲུན་ཟིན། ཁོང་དང་ཁོང་གི་སྲས་མོ་གཉིས་ཀྱིས་མཉམ་དུ་བརྩམས་པའི《བྱམས་སེམས་དང་ཤེས་རབ་ཀྱིས་ཕྱུག་པའི་རིག་གནས་ཏེ་བོད་ཀྱི་རིག་གནས་དང་དེའི་རིན་ཐང་ལྟ་བ》ཞེས་པ་པར་དུ་བསྐྲུན་རྩིས་ཡོད། གོང་དུ་བཀོད་པའི་རིན་ཐང་ལྡན་ལ་ང་ཚོ་སེར་སྐྱ་ཀུན་གྱི་འཚོ་གཞེས་ལ་དངོས་སུ་ཕན་པའི་བརྩམས་ཆོས་ཆ་ཤས་ནི་ཁོང་གི་ལྗགས་རྩོམ་ལས་དཔེ་མཚོན་རང་བཞིན་ལྡན་པ་འགའ་བདམས་པ་ཡིན་པ་ལས་དེ་མིན་ད་དུང་ལྟ་བ་གནད་དུ་ཕིགས་ལ་རྩོད་པ་བྲལ་བའི་ལྗགས་རྩོམ་གང་མང་མཆིས་སོ།།
རིག་པའི་གནས་ལ་མཁས་ཤིང་སྤྱོད་ལམ་བཟང་ལ་སྤྱི་སེམས་ཆེ་བས༢༠༠༤ལོར་ཨ་མེ་རུ་ཀའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གདན་འདྲེན་ཞུས་པ་ལྟར་ས་དེ་གའི་ཁུལ་བདུན་ལ་བཅར་འདྲི་ལ་ཕེབས་པས་དགའ་བསུ་ཚད་མེད་ཐོབ། ཁོང་གི་བྱས་རྗེས་དང་བཅས《ཀྲུང་ཧྭའི་ཆེད་མཁས་པའི་མིང་མཛོད》དང《ཀྲུང་ཧྭའི་ཕུལ་བྱུང་མི་སྣའི་བང་མཛོད》 《འཛམ་གླིང་མི་སྣའི་མིང་མཛོད》 《འཛམ་གླིང་གི་ཕུལ་བྱུང་ཆེད་མཁས་པའི་མིང་མཛོད》 《ཏང་གི་བླ་སྲོག》 《རྟག་བརྟན་འགྱུར་མེད་ཀྱི་རྡོ་རིང་》སོགས་སུ་བཀོད་ཡོད།
ཨེ། མཐོང་ཐོས་མྱོང་གསུམ་གྱི་འབྲས་བུ་བཟང་པོས་ས་བོན་བྱེད།
མིའི་རིགས་ཀྱི་ལོ་རྒྱུས་ཆུ་རྒྱུན་རིང་མོ་ལ་ཕྱིར་བལྟ་དང་སྐབས་བབས་སུ་མདུན་དུ་ལྷག་པའི་གནད་དོན་ལ་བསམ་གཞིག་ལན་མང་བྱས་མཐར་རང་རེའི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་རྩ་དང་རིན་ཐང་། རིག་གསར་གྱི་ལྟ་བ་དང་དོན་སྙིང་བཅས་ལ་འབེན་ལ་ཕོག་པའི་མདའ་མོ་ལྟ་བུའི་དགག་སྒུབ་མཛད་ཡོད་པས་དེའི་རིན་ཐང་ནི་ས་གསུམ་སྣོད་དུ་བྱས་ཀྱང་ག་ལ་ཤོང་། འོན་ཀྱང་ཁོང་ནི་རང་གཞན་གཉིས་ལ་འགན་འཁུར་མཁན་ཞིག་དང་རྒྱུ་འབྲས་སྲུང་བའི་བདག་པོ་ཞིག་ཡིན་པས་སྨིན་ཟིན་པའི་འབྲས་བུ་བཟང་པོས་ཡིད་མ་ཚིམ་ལ་མཁས་པར་བརླམས་པའི་གསོག་གསོབ་ཀྱི་སྐྱེ་བོ་ལྟར་ངའོ་སྙམ་པའི་ང་རྒྱལ་ཡང་སྐྱེ་མ་མྱོང་། མུ་མཐུད་དེ་གདམས་ཟིན་པའི་འགྲོ་ལམ་དེར་སྐྱོད་བཞིན་མཆིས། སླད་མར་རྩོམ་འབྲི་རྒྱུའི་འཆར་གཞི་གང་འདྲ་ཡོད་ཅེས་དྲིས་པའི་ལན་དུ་ཁོང་གིས《བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ》ཞེས་པ་དེ་པར་དུ་བསྐྲུན་པ་ནས་བཟུང་རྒྱལ་ཕྱི་ནང་ཀུན་གྱིས་དགའ་བསུ་དང་གཟེངས་བསྟོད་ཆེན་པོ་བྱས། ད་ལྟ་འང་མི་མང་ཤོས་ལ་དཔེ་ཆ་དེ་དགོས་མཁོ་ཆེས་བས་ཡུན་མི་རང་བར་སྔར་ལས་འཐུས་སྒོ་ཚང་བར་བཏང་སྟེ་ཡང་བསྐྱར་པར་དུ་བསྐྲུན་ཨེ་ཐུབ་ཀྱི་རེ་བ་དང་དེ་མིན་མུ་མཐུད་དེ་མི་ཚེ་ལྷག་མ་སྨྱུ་གུ་དང་འགྲོགས་ཏེ་རིན་ཐང་ལྡན་པའི་བརྩམས་ཆོས་གང་མང་ཞིག་སྤེལ་རྒྱུའི་རེ་བ་འཆང་གིན་ཡོད་ཅེས་གསུངས། དེ་ནི་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར་དགའ་སྤྲོ་སྐྱེ་འོས་པ་ཞིག་རེད། གང་ལྟར་ཁོང་གིས་དུས་རྒྱུན་དུ་ཏང་དང་རྒྱལ་ཁབ་ཀྱིས་ད་བར་དུ་ང་རང་གསོ་སྐྱོང་བྱས་ཀྱང་ངས་དྲིན་ལན་ཕྲན་བུ་ཙམ་མ་གཏོགས་འཇལ་མ་ཐུབ། ཕྱིན་ཆད་ཀྱི་འགྲོ་ལམ་དུ་ངས་ཨ་མའི་ནུ་ཞོ་དང་ཨ་ཕའི་རྩམ་པའི་དྲིན་ལན་དུ་ལྷག་བསམ་རྣམ་དག་གིས་ཧུར་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་པ་ནང་བཞིན་བཀྲི་ཤིས་ཉི་མའི་ལུང་པ་ནས་འཕུར་བའི་ཐང་དཀར་རྒོད་པོའི་མཁའ་ལམ་སྔར་ལས་རྒྱ་ཇེ་ཆེ་དང་ཁོད་ཇེ་ཡངས་སུ་འགྱུར་ཐག་ཆོད་རེད།
ཨོ། ལུས་ངག་ཡིད་གསུམ་གྱིས་རྗེས་སུ་ཡི་རངས་བྱེད། ཇི་སྐད་དུ།བསྟོད་ན་དགའ་བར་མི་འགྱུར་ཞིང་།། སྨད་ན་མི་དགར་མི་འགྱུར་བ༎ རང་གི་ངང་ཚུལ་ལེགས་གནས་པ༎ སྐྱེ་བོ་དམ་པའི་མཚན་ཉིད་ཡིན།། ཞེས་པ་ལྟར་མིང་གྲགས་སྐམ་པོའི་དོན་དུ་གཡམ་རྒྱུག་དང་ཁེ་ཕན་བརྗིད་པོའི་སླད་དུ་འདུར་རྒྱུག་མི་བྱེད་པར་ངར་གཤིས་རང་གིས་བསྲུངས་ཏེ་ལྷོད་ཆགས་སུ་གནས་པའི་ཁོང་ནི་དགོས་འདོད་ཀུན་ཏུ་འབྱུང་བའི་དཔག་བསམ་ལྗོན་ཤིང་ལྟར་ས་གསུམ་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ་བའི་ནོར་བུ་ཞིག་ལགས་པས་རྒན་གཞོན་དར་གསུམ་ཀུན་གྱིས་ནོར་བུ་དེའི་ནོར་ཉམས་ཆོད་ན་དགའ་བ་ལ་ཨང་།།
རྩོམ་གསར། 10