གླིང་དཀར་སྟོད་དུ་གླིང་གི་རྗེས་ཤུལ་ཟབ།

དཀོན་མཆོག་རྡོ་རྗེ།        2012-10-09

གླིང་དཀར་སྟོད་དུ་གླིང་གི་རྗེས་ཤུལ་ཟབ།
དཔེ་ཝར་དགོན་དུ་ཉར་ཚགས་བྱས་པའི་གླིང་གི་དུས་ཀྱི་གྲི་ཡུ།
 

——གནའ་རྫས་རྟོག་ཞིབ་པས་གླིང་དང་གླིང་གེ་སར་ནི་བོད་ཀྱི་ལོ་རྒྱུས་ཐོག་དངོས་སུ་བྱུང་ཡོད་པའི་བདེན་དཔང་རྙེད།
ད་ལྟ་འཛམ་གླིང་ཐོག་ཏུ་གླིང་གེ་སར་སྐོར་ཞིབ་འཇུག་བྱ་བའི་ཚ་རླངས་འཕྱུར་ཞིང་།རྒྱ་ཕྱི་ནང་ཀུན་ཏུ་གེ་སར་ཞིབ་འཇུག་ཁང་གྲངས་མང་བཙུགས་ནས་ཞི་འཇུག་གཏིང་ཟབ་བྱ་བཞིན་ཡོད།འོ་ན་གླིང་གེ་སར་རྒྱལ་པོ་དེ་ལོ་རྒྱུས་ཐོག་གི་མི་སྣ་ཞིག་ཡིན་ནམ་ལྷ་སྒྲུང་ནང་གི་རྫུ་འཕྲུལ་ཐོགས་པ་མེད་པའི་ལྷ་བུ་ཞིག་ཡིན།དེའི་སྐོར་ལ་རང་ཕྱོགས་དང་གཞན་ཕྱོགས་ཀུན་གྱི་ལྟ་བ་འདྲ་མིན་བཏོན་ཡོད།མང་ཆེ་བས་དེ་དངོས་ཡོད་ཀྱི་དཔའ་བོ་ཞིག་ཡིན་མིན་སྐོར་ལ་དོག་གཞི་ཆེན་པོ་གནས་ཡོད།དོན་དུ་གླིང་གེ་སར་རྒྱལ་པོ་ནི་ལྷ་སྒྲུང་མིན་པར་བོད་ཀྱི་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱངས་པའི་མི་རིགས་ཀྱི་དཔའ་བོ་ཞིག་ཡིན་པ་དང་སྡེ་དགེའི་ཨ་ཕྱུག་ནི་གླིང་གེ་སར་རྒྱལ་པོ་འཁྲུངས་ཡུལ་ཡིན་ཚུལ་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་རླངས་ཀྱི་པོ་ཏི་བསེ་རུ་ལས་གསལ་པོ་ཤེས་ཐུབ། མ་ཚད་བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱི་མདོ་སྨད་ཆོས་འབྱུང་དང་། སི་ཏུ་ཆོས་ཀྱི་འབྱུང་གནས་ཞལ་རྒྱུན་ཁམས་སྤྲུལ་པས་ཟིན་བྲིས་སུ་བཏབ་པའི་འབེལ་གཏམ། སི་ཏུ་ཆོས་འབྱུང་གི་རང་རྣམ། ཀ་ཐོག་དགོན་ཆག་བཏབ་མཁན་བདེ་གཤེགས་ཤེས་རབ་སེང་གེའི་རྣམ་ཐར་སོགས་དང་། ད་དུང་བོད་ཀྱི་མཁས་དབང་དམུ་དགེ་བསམ་གཏན། ནམ་མཁའི་ནོར་བུ། བདུད་འཇོམས་རིན་པོ་ཆེ་སོགས་ཀྱིས་བྲིས་པའི་ལོ་རྒྱུས་དག་ཏུ་ཁ་གསལ་པོ་བཀོད་ཡོད། རྒྱའི་གནའ་རྫས་རྟོག་ཞིབ་པ་ཆེན་མོ་ཝུན་ཡུས་ཁྲེང་ཅའོ་ཧྲུའུ་ཡིས་གེ་སར་འཁྲུངས་ཡུལ་དུ་རྟོག་ཞིབ་གནས་རྗེས་གསུང་རྒྱུར།གླིང་གེ་སར་རྒྱལ་པོ་ནི་ཆོས་ལུགས་དར་སྤེལ་དང་།རིག་གནས་གོང་འཕེལ།དགྲ་འདུལ་གཉེན་སྐྱོང་སོགས་ཀྱི་ལས་མཁས་པའི་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱངས་པའི་བོད་རིགས་ཀྱི་དཔའ་བོ་ཞིག་ཡིན།འོན་ཀྱང་གེ་སར་ཞིབ་པ་འཇུག་ཚོས་ཁོང་གི་མཛད་རྗེས་ལྷ་སྒྲུང་གི་ཤན་ཞུགས་ཆེ་ནས་དངོས་ཡོད་ཀྱི་ལོ་རྒྱུས་མི་སྣ་ཞིག་མིན་པ་ལྟ་བུ་གྱུར་འདུགགལ་ཏེ་གླིང་གེ་སར་དེ་ལོ་རྒྱུས་ཀྱི་དཔའ་བོ་ཞིག་ཡིན་པའི་ཁུངས་བཅོལ་ས་གཙོ་བོ་ནི་རྒྱ་བོད་ཀྱི་ཚད་ལྡན་ལོ་ཡིག་ཚང་དང་གནའ་རྫས་རྟོག་ཞིབ་ཐོག་ནས་དབྱེ་འབྱེད་གསལ་པོར་བྱས་ཤིང་བདེན་དཔང་བརྟན་པོ་རྙེད་ཐུབ་པ་བྱུང་ན་འཛམ་གླིང་ཡོངས་ཀྱིས་ཁས་མི་ལེན་རང་ལེན་གྱི་ལོ་རྒྱུས་དངོས་པོ་ཞིག་རེད་ཟེར།རང་རྒྱལ་གྱི་ཆོས་ལུགས་གནའ་རྫས་རྟོག་ཞིབ་པ་གྲགས་ཅན།ལུའང་མིན་བྲག་ཕུག་ཞིབ་འཇུག་ཁང་གི་སྔོན་གྱི་དབུ་གཙོ་དང་དགེ་རྒན་ཆེན་མོ་བ་ཝུན་ཡུས་ཁྲེང་ལགས་ཀྱིས་གླིང་གེ་སར་གྱི་འཁྲུངས་ཡུལ་དང་དེའི་སྐོར་གྱི་རྗེས་ཤུལ་དང་གནའ་རྫས་ལ་མཐོང་ཆེན་གནང་ནས་ན་ནིང་དང་ད་ལོའི་བར་སྔོན་རྗེས་སུ་ཐེངས་བཞི་ཁམས་ཕྱོགས་སུ་ཕེབས་པ་དང་། ལྷག་པར་དུ་སྡེ་དགེའི་དཔལ་སྤུངས་དང་། ལྕང་ར། དཔེ་ཝ། འགུ་ཟི། འདན་ཁོག དཔལ་ཡུལ་དང་ཀ ཐོག་སོགས་སུ་ཐེངས་གསུམ་ཕེབས་ནས་གླིང་གི་རྗེས་ཤུལ་ལ་ལོ་རྒྱུས་དང་གནའ་རྫས་རྟོག་ཞིབ་ཟུང་འབྲེལ་གྱིས་ལོ་རྒྱུས་ཀྱི་དོགས་གཞི་མང་པོ་ཐག་གཅོད་གནང་བ་དང་། དགོན་པ་ཁ་ཤས་ནང་ཉར་ཚགས་བྱས་པའི་ཁྲབ་རྨོག་དང་། མདའ་མདུང་། རལ་གྲི། ཕུབ་སོགས་ནི་སུང་རྒྱལ་རབས་དུས་ཀྱི་དངོས་པོ་ཡིན་པས་གེ་སར་འཁྲུངས་པའི་དུས་རབས་ཀྱི་ལོ་རྒྱུས་དང་ཧ་ཅང་མཐུན་པོ་འདུག་པས་གནས་རྫས་དེ་དག་ནི་གེ་སར་དུས་ཀྱི་དངོས་པོ་ཡིན་ཞེས་ཐག་ཆོད་པོའི་ངང་ནས་གསུངས་ཡོད།
གནའ་རྫས་རྟོག་ཞིབ་པས་ཁྲ་མོ་གླིང་དང་གླིང་གི་རྗེས་ཤུལ་མང་དག་རྙེད།
ད་ལོའི་ཟླ་བ་བདུན་པར་དགེ་རྒན་ཆེན་མོ་ཝུན་ཡུས་ལགས་སྡེ་དགེའི་འགུ་ཟི་དགོན་དུ་གནའ་རྫས་རྟོག་ཞིབ་གནང་སར་ཕེབས།འདི་ནི་ཁོང་ཐེངས་གཉིས་པར་ས་གནས་འདི་གར་རྟོག་ཞིབ་གནང་སར་ཕེབས་པ་ཡིན་པས་ཁོང་གིས་ས་གནས་འདི་མཐོང་ཆེན་གནང་བཞིན་ཡོད་པ་ང་ཚོས་ཤེས་སླ། ཁོང་གིས་འགུ་ཟི་དགོན་དང་། བཟང་འགོ་དགོན། ཕོ་བྲང་རིན་ཆེན་སྟེང་སོགས་ཀྱི་མཁར་ཤུལ་དང་གྱང་རོ་སོགས་ལ་བརྟག་དཔྱད་གནང་སྐབས།གྲོང་པ་དེའི་གྲོང་མི་ཞིག་གིས་ལོ་ཁ་ཤས་སྔོན་དུ་འགུ་ཟི་དགོན་པའི་བཤད་གྲྭ་ལས་སྐབས་ས་འོག་ནས་རྭ་ཅོ་མང་པོས་འཕྲེང་བསྒྲིགས་ཏེ་དེའི་ཐོག་གཞི་ནས་གྱང་རྡུང་བའི་གྱང་རོ་རྙིང་པ་ཞིག་རྙེད་ཚུལ་ཐོས་རྗེས་དེའི་ཕྱི་ཉིན་ང་ཚོས་གྲོང་མི་ཁ་ཤས་གདན་ནས་ཁོས་བཤད་པའི་གྱང་རྩ་དེར་ཡང་དུ་བརྐོས་པས་སྔོན་ལྟ་བུའི་རྭ་ཅོ་མང་པོ་མི་འདུག་རུང་གྱང་རྨིང་དང་རྭ་ཅོ་ཁ་ཤས་མཐོང་སོང་།དགེ་རྒན་ཝུན་ཡུས་ཁྲེང་གིས་ཞིབ་ཏུ་རྟག་དཔྱད་གནང་རྗེས་དེ་ནི་བོན་གྱི་མཆོད་འབུལ་བྱ་ཡུལ་ཞིག་ཡིན་པ་དང་དེའི་དུས་རབས་ནི་ཐང་རྒྱལ་རབས་ཙམ་ཡིན་པའི་ངོས་འཛིན་གནང་།ད་དུང་ཁོང་གིས་དགོན་པ་དེར་ཉར་ཚགས་བྱས་པའི་མདུང་མགོ་ཆེན་པོ་ཞིག་ལ་གཟིགས་རྗེས་དེ་ནི་དུས་རབས་བདུན་པ་ཙམ་གྱི་གནའ་རྫས་ཡིན་པས་གླིང་གི་ལོ་རྒྱུས་ཀྱི་བདེན་དཔང་ཆེན་པོ་ཞིག་ཀྱང་རེད་འདུག་གསུངས།  དགེ་རྒན་ཝུན་ཡུས་ཁྲེང་གིས་གསུང་རྒྱུར།   རྒྱའི་ཡིག་ཚང་ནང་འཁོད་པར་ལྟར་ན། འགུ་ཟི་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཧ་ཅང་གལ་ཆེ་བའི་ཆབ་སྲིད་དང་རིག་གནས་ཀྱི་ལྟེ་བ་ཞིག་རེད། ཧྲང་ཧའེ་ཧྥུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཐན་ཆའི་ཤང་(谭其骧)གིས་བསྒྲིགས་པའི་ཀྲུང་གོའི་ས་ཁྲ་ཕྱོགས་བསྒྲིགས་ཞེས་པའི་དཔེ་ཚོགས་ནང་ཐང་རྒྱལ་རྒྱལ་རབས་སྐབས་ཀྱི་བོད་ཀྱི་ས་ཁྲ་ནང་གླིང་(灵)ཞེས་གསལ་པོར་འཁོད་འདུག དེའི་སྐབས་ཁམས་ཕྱོགས་ཀྱི་སྟོད་ལ་གླིང་དང་འདན་མ། སྨད་ཕྱོགས་སུ་མགར་ཐར་དང་རྟའུ་མ་གཏོགས་ས་མིང་གཞན་དག་འཁོད་མི་འདུག  དེའི་ཐོག་ནས་བལྟས་ན་ཐང་རྒྱལ་རབས་ཡན་གྱི་དུས་སུ་ས་གནས་དེར་སྐད་གྲགས་ཆེན་པོ་ཡོད་པ་དང་གལ་ཆེ་ཚུལ་ཤེས་སླ་ཞེས་གསུངས། 

གླིང་དཀར་སྟོད་དུ་གླིང་གི་རྗེས་ཤུལ་ཟབ།
ཀྲུང་གོའི་ས་ཁྲ་ཕྱོགས་བསྒྲིགས་ནང་ཙིན་སན་ཝང་ཞེས་པ་དེ་ད་ལྟའི་འགུ་ཟི་ལ་ངོས་འཛིན་བྱས།
 

བོད་ཀྱི་ལོ་རྒྱུས་ཐོག་ནས་ཀྱང་གླིང་དང་ཡང་ན་གླིང་དཀར་འདི་སྨུག་པོ་གདོང་ནས་མཆེད་པ་དང་།གདོང་ཆོས་འཕེལ་ནག་པོའི་གདུང་རྒྱུད་ཡིན་ཚུལ་ལོ་རྒྱུས་དང་རུས་མཛོད་ཁག་ལས་གསལ།གདོང་ཆོས་ལ་འཕེན་སོགས་ནས་གེ་སར་གྱི་ཕ་ཡབ་སེང་བློན་བར་སྨུག་པོ་གདོང་དང་གླིང་དཀར་སྟོད་པ་ཞེས་གནམ་གྲགས་ས་གྲགས་ཡིན།ས་གནས་འདིའི་ཐོག་གླིང་གེ་སར་མ་འཁྲུངས་པའི་སྔོན་རོལ་ནས་གླིང་ཞེས་པའི་ཐ་སྙད་ཡོད་ལ་གླིང་གི་རྒྱལ་པོ་དང་མཁར་རྫོང་སོགས་ཀྱང་ཡོད་པ་བཤད་མ་དགོས་པ་རེད། རྒྱའི་ཡིག་ཚང་ནང་ལྟར་ན། ཧན་གཉིས་(两汉)ཀྱི་རྒྱལ་རབས་ནས་འབྲི་ཆུའི་བསྟོད་རྒྱུད་དུ་ཧ་ཅང་སྟོབས་ཆེ་བའི་གདོང་མི་(多弥部落)ཞེས་པའི་ཚོ་བ་ཞིག་ཡོད་ཅིང་། སྲོང་བཙན་སྒམ་པོས་བོན་ནག་(白狼国)དང་འ་ཞྭ་(吐谷浑)དབང་དུ་བསྡུ་སྐབས་གདོང་གི་ཚོ་བས་དམག་རོགས་བྱས་ནས་རྗེས་སུ་བོད་བཙན་པོའི་དམག་ཚུགས་སུ་གྱུར་ཅིང་།དུས་རབས་དགུ་པ་ཙམ་དུ་གླིང་ཞེས་པའི་རང་གི་རྒྱབ་ཁབ་བཙུགས་ཞེས་འཁོད་འདུགགནའ་རྫས་རྟོག་ཞིབ་པས་གླིང་ཡུལ་ནས་མདོ་ཁམས་དུ་སི་ཞེས་པའི་ཕོ་བྲང་གི་མཁར་ཤུལ་རྙེད།སྔོན་གྱི་རྒྱ་བོད་ལོ་རྒྱུས་མང་པོའི་ནང་མདོ་ཁམས་ཡུལ་ལ་དུ་སི་(朵甘思都司元帅府)བཙུགས་ཞེས་པའི་ལོ་རྒྱུས་མང་ཡང་དོན་ཡང་དག་ས་གནས་གང་དུ་བཙུགས་པའི་ལོ་རྒྱུས་ཁ་གསལ་པོ་ཞིག་མ་ཡིན།   ད་ཐེངས་དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་ལགས་ཀྱིས་སྡེ་དགེའི་འགུ་ཟི་ཤང་གི་རིན་ཆེན་སྟེང་ནས་རྫ་ཇོ་ཤ་ཤས་མཐོང་རྗེས་མདོ་ཁམས་དུ་སི་(朵甘思都司)ཡི་ཕོ་བྲང་འགུ་ཟི་ཡིན་པའི་ཡིད་ཆེས་ཆེན་པོ་ཐོབ། དུད་ཚང་མང་པོའི་ཁྱིམ་དུ་ཕོ་བྲང་རིན་ཆེན་སྟེང་ས་འོག་ནས་ཐོན་པའི་རྫ་ཇོ་ཉར་ཚགས་བྱས་འདུགད་ལོའི་ཟླ་བ་7པའི་ཚེས་25ཉིན་ང་ཚོ་རྫ་ཇོ་བུད་སའི་ས་གནས་དངོས་སུ་སོང་བས་ད་ལྟའང་རྫ་ཇོ་མང་དག་ས་འོག་ནས་བུད་བཞིན་འདུགང་ཚོས་འཇོ་སོགས་ཀྱི་ལག་ཆ་སྤྱད་ནས་ས་སྐོ་སྐབས་ད་དུང་ས་འོག་ནས་རྫ་ཇོ་མང་དག་བུད་བཞིན་འདུགས་གནས་དེའི་མི་རྒན་ཚོའི་བཤད་སྲོལ་ལ་སྔོན་གྱི་དུས་ཤིག་ཏུ་ས་འགུལ་བྱུང་ནས་ཕོ་བྲང་ལོག་པ་རེད་ཟེར།ལོ་ཁ་ཤས་སྔོན་དུ་དུས་ཚང་ཞིག་གིས་ཁང་པ་ལས་སྐབས་ས་འོག་ནས་རྫ་ཇོ་མང་དག་ཐོན་པས་ཁོ་ཚོས་སྔོན་གྱི་ཕོ་བྲང་གི་རྨིང་ཡིན་གཞི་ནས་ཤེས། དེའི་ཟུར་གྱི་སྐར་གཡང་ཞེས་པའི་དུད་ཚང་ཞིག་གིས་རྫ་ཇོ་ཆེན་པོ་ཞིག་ཝ་ཆུ་བྱས་འདུག རྫ་ཇོ་ཐོག་ལ་མཆོད་རྟེན་ལྔ་དང་ཁ་ཤས་ལ་མཆོད་རྟེན་གསུམ་གྱི་རི་མོ་འདུག ཤ་ཤས་ལ་ཆོས་འཁོར་འདུག་ཟེར་ཡང་ང་ཚོས་དངོས་སུ་མཐོང་མ་སོང་། དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་ལགས་ཀྱིས་རྫ་ཇོ་དེ་དག་གི་མཆོད་རྟེན་གྱི་གཟུགས་དབྱིབས་ནི་ཡོན་རྒྱལ་རབས་ཀྱི་དུས་ཡིན་པར་ཐེ་ཚོམ་ཟ་མི་དགོས་པ་དང་རྫ་ཇོ་ཆེ་ཚུལ་དང་།མཐུག་པོ།སྤུས་ཀ་བཅས་ལ་གཞིགས་ན་གོ་གནས་མཐོ་བའི་རྒྱལ་པོའི་ཕོ་བྲང་བཞེངས་བྱེད་ཡིན་པ་ཤེས་ཐུབ་ཅེས་གསུངས།རབ་བརྟན་མཁན་པོ་དགེ་ལེགས་ཕུན་ཚོགས་ཀྱིས་མཁོ་འདོན་བྱས་པའི་འགུ་ཟི་དགོན་པའི་གསེར་ཁང་དཀར་ཆག་ནང་ཡོན་རྒྱལ་རབས་ཀྱི་དུས་སུ་མི་དབང་སངས་རྒྱས་རྒྱལ་མཚན་ལ་གོང་མ་གནམ་བརྐོས་རྒྱལ་པོས་ལུང་དང་ལས་ཀ་སོགས་ཀྱི་མངོན་པ་མཐོ་བའི་རྒྱལ་ཐབས་སུ་མངའ་གསོལ་ཞེས་གསལ་པོར་འཁོར་འདུག  ད་དུང་རྒྱའི་ཡིག་ཚང་(后汉书)དུ་ཡོན་གྱི་སྐབས་གླིང་ཡུལ་དུ་མདོ་ཁམས་དུ་སི་(朵甘思都司元帅府)ཞེས་པའི་ཞིང་ཆེན་རིམ་པའི་དམག་དོན་ལྟེ་གནས་བཙུགས་ཚུལ་དང་། སྒ་ཨ་མྱེས་དམ་པ་གོང་མའི་དབུ་བླ་རུ་བསྐོས་ཚུལ་སོགས་བཀོད་ཡོད།གནའ་རྫས་རྟོག་ཞིབ་པས་གླིང་ཡུལ་ནས་ཙིན་ཤན་ཝང་
(赞善王)གི་མཁའ་ཤུལ་རྙེད།དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་ལགས་ཀྱིས་འགུ་ཟི་ལ་རྟོག་ཞིབ་ཐེངས་གཉིས་གནང་རྗེས་གསུང་རྒྱུར། ལོ་རྒྱུས་ཁ་ཤས་ནང་ཙིན་ཤན་ཝང་(赞善王)ཞེས་པ་དེ་མཚོ་སྔོན་ཕྱོགས་སུ་ངོས་འཛིན་བྱེད་བཞིན་འདུག  འོན་ཀྱང་རྒྱ་བོད་གང་གི་ལོ་རྒྱུས་ལ་བལྟས་རུང་ཙིན་ཤན་ཝང་(赞善王)ཞེས་པ་དེ་སྡེ་དགེའི་འགུ་ཟི་ཡིན་པ་ཐེ་ཚོམ་ཟ་མི་དགོས་པ་ཞིག་རེད་གསུངས།ཁོང་བཟང་འགོ་དགོན་དུ་ཕེབས་སྐབས་དགོན་པ་དེས་འདུ་ཁང་གསར་པ་བཞེངས་པ་དང་ཁེལ་འདུགའདུ་ཁང་རྙིང་པའི་ཀ་མགོ་ཚོན་རིས་ཅན་མང་པོ་འདུ་ཁང་སྒོ་རྩར་སྤུངས་འདུག་པར་གཟིགས་རྗེས་ཁོང་གིས་རི་མོ་འདི་དག་ནི་མིང་རྒྱལ་རབས་དུས་ཀྱི་རི་མོ་འཕྲུལ་མེད་རེད་འདུག་ཅེས་གསུངས།ས་གནས་དེའི་བཤད་སྲོལ་ལ་གླིང་གི་ཇ་མཁར་རིང་མོའི་མཁར་ཤུལ་དུ་མིང་རྒྱལ་རབས་སྐབས་སུ་དགོན་པ་བཞེངས་པ་རེད་ཟེར། འདུ་ཁང་གི་རྒྱབ་ཕྱོགས་སུ་གེ་སར་ལྷ་ཁང་ཞིག་འདུག དེའི་གྱང་ནི་སྔོན་མའི་གྱང་རོ་གཞི་བཞག་བྱས་པས་གྱང་ངོས་སུ་ཁྲོ་ལས་བཟོས་པའི་མདའ་གཞུ་སོགས་ད་ལྟའང་མཐོང་རྒྱུ་འདུག  སྔོན་ཇ་མཁར་རིང་མོ་ཆགས་སའི་བཟང་འགོ་དགོན་ནི་ས་བཙན་སའི་དིས་འབོས་ཤིག་གི་ཐོག་ཆགས་ཡོད་ཅིང་ཕྱིའི་ལྕགས་རི་སོགས་ཀྱི་ཤུལ་ཡང་ད་ལྟ་མཐོང་རྒྱུ་འདུག རྒྱ་ཡིག་མིང་གི་ལོ་རྒྱུས་ལས་ནུབ་ཕྱོགས་ལོ་རྒྱུས་《明史•西域传》ཞེས་པའི་ནང་ཏྭ་མིང་རྒྱལ་པོས་བོད་ཁུལ་དུ་འབངས་ཀྱི་རྒྱལ་པོ་ལྔ་བསྐོས་པའི་ནང་ཙིན་ཤན་ཝང་(赞善王)གླིང་ཚང་ན་ཡོད་ཅེས་བཀོད་ཡོད་ཅིང་དུས་རབས་དང་རྒྱལ་པོའི་མིང་ཡང་གསལ་པོར་བཀོད་འདུག ཙིན་ཤན་ཝང་(赞善王)དང་པོ་ནི་སེང་གེ་རྒྱལ་མཚན་ཟེར། སྤྱི་ལོ་1407ལོར་རྒྱལ་པོར་བསྐོས། སྤྱི་ལོ་1425་ལོར་འདས། གཉིས་པ་ནམ་མཁའ་རྒྱལ་མཚན། གསུམ་པ་པད་མ་རྒྱལ་མཚན། སྤྱི་ལོ་1445ལོར་རྒྱལ་པོར་བསྐོས། བཞི་པ་ཐར་པ་རྒྱལ་མཚན། འདི་གླིང་གི་གདུང་རབས་ང་གཉིས་པ་གླིང་ཆེན་པོ་བདག་དྲུང་གི་ཤ་ཉེ་ཡིན།  སྤྱི་ལོ་1467ལོར་རྒྱལ་པོར་བསྐོས། ལྔ་པ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ། དྲུག་པ་དོན་གྲུབ་རྒྱལ་མཚན། ཅ་ཅིང་ལོ་ལ་ཁ་མི་གསལ་པོ་འཁོད་མི་འདུག  མིང་གི་ལོ་རྒྱུས་ནང་ད་དུང་ཡུང་ལོ་བཞི་པ་སྟེ་སྤྱི་ལོ་1406ལོར་རྒྱལ་པོས་བློན་པོ་ཧང་པོ་ཞེས་པ་གླིང་ཚང་དང་གོང་ཇོ། ལྷ་ས།
 

གླིང་དཀར་སྟོད་དུ་གླིང་གི་རྗེས་ཤུལ་ཟབ།
དཔེ་ཝར་དགོན་དུ་ཉར་ཚགས་བྱས་པའི་མདུང་རྩེ།
 

དབུས་གཙང་སོགས་མངག་པ་དང་།ཙིན་ཤན་ཝང་དང་པོ་སེང་གེ་རྒྱལ་མཚན་ཡང་ནན་ཅིང་དུ་རྒྱལ་པོ་མཇལ་ས་སོང་ནས་རྒྱལ་པོས་དབུ་བླ་རུ་བསྐོས་ཞེས་པའི་ལོ་རྒྱུས་གསལ་པོ་བཀོད་འདུག འགུ་ཟི་དགོན་པའི་གསེར་ཁང་དཀར་ཆག་ནང་དུའང་སེང་གེ་རྒྱལ་མཚན་ ཏྭ་མིང་སྤུན་ལོ་རྒྱལ་པོས་ཆོས་རྗེ་མ་ཀརྨ་པ་དེ་བཞིན་གཤེགས་པ་རྒྱ་ནག་སྤྱན་དྲངས་པའི་ཞབས་ཞུ་རུ་ཕེབས་པས་ཁོང་ལ་མདོ་ཁམས་ལྗོངས་སུ་ལུགས་གཉིས་ཀྱི་མངའ་དབང་བསྒྱུར་ཆོག་པའི་གསེར་ཐམ་དང་མཚན་ཙིན་ཤན་ཝང་(赞善王)བོད་སྐད་དུ་དགེ་ལ་སྟོན་པའི་རྒྱལ་བུ་ཞེས་མཚན་གསོལ་བའི་མཇལ་ས་ཁྱད་པ་ཅན་ཞུས་ཏེ་བསྩལ་ཞེས་འཁོད་པ་ཡང་རྒྱའི་ལོ་རྒྱུས་དང་ཧ་ཅང་མཐུན་པོ་བྱུང་འདུགགླིང་ཚང་རྒྱལ་པོའི་རྒྱལ་རབས་ང་བཞི་པ་མགོན་པོ་རིན་ཆེན་ནས་བཟུང་སྡེ་དགེ་རྒྱལ་པོ་སྟོབས་ཤུགས་ཇེ་རྒྱས་དང་མངའ་ཐང་ཇེ་དར་དུ་བྱུང་ནས་་གླིང་ཚང་རྒྱལ་པོའི་མངའ་ཁོངས་ཕལ་ཆེར་སྡེ་དགེ་ལ་ཤོར་ནས་གླིང་ཞེས་པའི་མཚན་སྙན་ཡང་རིམ་བཞིན་ཇེ་ཉམས་སུ་གྱུར་པར་ཡིན་ཚུལ་ཀུན་གྱིས་མཁྱེན་གསལ་ལྟར་ལགས།
གནའ་རྫས་རྟོག་ཞིབ་པས་གེ་སར་ཕ་ཡུལ་ནས་གེ་སར་དུས་རབས་ཀྱི་གནའ་རྫས་རྙེད།
 ན་ནིང་དབྱར་ཁར་དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་ལགས་སྡེ་དགེའི་པར་ཁང་ལ་གཟིགས་ཞིབ་གནང་རྗེས་དཔེ་ཝ་དགོན་དུ་ཕེབས། དགོན་དེའི་བླ་མ་བསྟན་འཛིན་གྱིས་དགོན་པའི་ཐོག་གི་མཁར་ཤུལ་ནི་སྟག་རོང་ཉ་ཚ་ཨ་བརྟན་གྱི་སྐུ་མཁར་ཡིན་ཚུལ་དང་། ད་དུང་དགོན་དེར་གེ་སར་སྐོར་གྱི་གནའ་རྫས་ཡོད་ཚུལ་ངོ་སྤྲོད་བྱས།ཝུན་ཡུས་ཁྲེང་ལགས་ཀྱིས་དགོན་དེར་ཉར་ཚགས་བྱས་པའི་ཁྲབ་རྨོག་དང་། མདུང་རིང་། ཤིང་རྒྱུས་བཟོས་པའི་ཕུབ་སོགས་ལ་ནན་ཏན་གྱིས་གཟིགས་རྗེས་གསུང་རྒྱུར། དཔེ་ཝ་དགོན་གྱི་རྨོག་འདི་ནི་སུང་རྒྱལ་རབས་ཀྱི་དུས་སྐབས་སུ་ཐོན་པ་ཞིག་རེད།བྱང་ཕྱོགས་མི་རིགས་ཀྱི་རྨོག་ནི་ལྷུ་གཏོར་རྒྱུ་མེད་པ་དང་འདི་ནི་ལྷུ་སྒྲིག་ཆོག་པས་རྒྱ་ནག་ཕྱོགས་ཀྱི་དུས་མཚུངས་ཀྱི་རྨོག་དང་བསྡུར་ན་འདི་ཧ་ཅང་སྔོན་ཐོན་ཡིན་འདུག སྐབས་དེར་འདི་ཕྱོགས་ལ་མགར་བའི་བཟོ་རྩལ་ཕུལ་བྱུང་ཡིན་པ་མཚོན་ཐུབ་ཟེར། དེ་རྗེས་ལྕང་ར་དགོན་གྱི་རྒྱ་ཚའི་གནའ་རྫས་དང་། འདན་ཁོགཀ་ཐོག་དགོན།འགུ་གཟི་དགོན་སོགས་སུ་ཉར་ཚགས་བྱས་པའི་གེ་སར་་སྐོར་གྱི་གནའ་རྫས་དེ་དག་ལའང་ཞིབ་ཏུ་རྟོག་ཞིབ་གནང་རྗེས། ཁོང་གིས་ཐག་ཆོད་པོའི་ངང་ནས་གསུང་རྒྱུར། གནའ་རྫས་འདི་དག་གི་ཁྱད་ཆོས་དང་བཟོ་རྩལ། སྤུས་ཀ་ཕྱོགས་གང་ཐད་ལ་བལྟས་ན་སུང་རྒྱལ་རབས་དུས་སུ་ཐོན་པ་ཡིན་པར་ཤེས་ཐུབ།བོད་ལྗོངས་ཀྱི་མངའ་རིས་ཕྱོགས་ནས་ཀྱང་འདི་དང་འདྲ་བའི་གནའ་རྫས་ཐོན་མྱངས།  རོང་བྲག་རྫོང་སྤྲོ་སྣང་གྲོང་གི་མཆོད་ཁང་ཞིག་ནང་བྲིས་པའི་ཡོན་རྒྱལ་རབས་ཀྱི་དུས་འགོའི་རི་མོ་ནང་བཟོ་ལྟ་འདི་ལྟ་བུའི་ཁྲབ་རྨོག་མཐོང་ཐུབ་གསུངས།དེ་སྔོན་གླིང་དང་གླིང་གེ་སར་སྐོར་རང་རང་གི་ལྟ་བ་དང་བསམ་ཚུལ་མཚོན་པའི་ཆེད་རྩོམ་མང་དག་བཀོད་ནས་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད།འོན་ཏེ།རྒྱའི་གནའ་རྫས་རྟོག་ཞིབ་པ་ཆེན་མོ་ཞིག་འདི་ཕྱོགས་སུ་ཕེབས་ནས་ཡུན་དང་གཏིང་ཟབ་པོའི་ངང་ཞིབ་འཇུག་གནང་བ་ནི་ཐེངས་དང་པོ་ཡིན་པས་ང་ཚོས་ཁོང་གིས་བཏོན་པའི་རྒྱའི་ཡིག་ཚང་ནང་གི་དངོས་ཡོད་ལོ་རྒྱུས་དང་།ས་གནས་དངོས་སུ་ཕེབས་ནས་རྟོག་ཞིབ་ཟབ་མོ་གནང་བའི་འབྲས་བུ་ཡིས་གླིང་གི་རྗེས་ཤུལ་ལ་ལོ་རྒྱུས་ཀྱི་བདེན་དཔང་ཅི་ནུས་དང་།གླིང་གི་དུས་ཀྱི་གནའ་རྫས་དེ་དག་ལ་བརྟག་དཔྱད་གནང་ནས་གླིང་གེ་སར་རྒྱལ་པོ་དངོས་སུ་བྱོན་མྱངས་པའི་ལོ་རྒྱུས་ལ་བདེན་དཔང་གང་ལེགས་གནང་བས་མ་འོངས་པར་གླིང་དང་གླིང་གེ་སར་སྐོར་ཞིབ་འཇུག་བྱ་བར་དཔྱད་གཞི་གལ་ཆེན་འཛིན་ཆོག་སྙམ།

གླིང་དཀར་སྟོད་དུ་གླིང་གི་རྗེས་ཤུལ་ཟབ།
ལྕགས་ར་དགོན་དུ་ཉར་ཚགས་བྱས་པའི་རྨོག
 




  • ལེ་ཚན་སྔོན་མ།:གཡུ་ཁོག་བྱ་བྲལ་བའི་འཁྲུངས་གནས་ཀྱི་གླིང་གེ་སར་རྡོ་བརྐོས་མཛེས་ལྡན།
  • ལེ་ཚན་རྗེས་མ།:ཧོར་རོང་པ་ཚའི་གླིང་གི་རྗེས་ཤུལ་སྐོར།
  • དོ་སྣང་ཆེ་བའི་རྩོམ།