འགྱུར་མེད་ཚེ་དབང་། 2012-10-09
དཀར་མཛེས་སྟོང་སྐོར་དགོན་དུ་ཉར་ཚགས་བྱས་པའི་རྨོག
རང་སྡེའི་རིགས་ལ་བུ་ལྟར་བརྩེ་བས་དགོངས། །
རྒོལ་བ་འཇོམས་ལ་རྡོ་རྗེའི་ཐོར་ལྟར་ངར། །
སྲིད་པ་གསུམ་ལ་ཟླ་མེད་དཔའ་པོ་མཆོག །
གླིང་རྗེ་མི་ཡི་ནོར་བུས་ཤིས་པར་སྩོལ། །
འདི་ན་མི་ཡི་ནོར་བུ་གླིང་རྗེ་གེ་སར་མཆོག །
ཤེས་རིག་བགྲོ་གླེང་མཁས་བརྒྱས་བྱེད་དུས་འདིར། །
རང་སྐལ་ཆད་ལ་དོགས་པའི་སྐུལ་འདེད་ཀྱིས། །
ཞིབ་མོ་བློ་ཡིས་འཇུག་པའི་ཁུར་འདི་བླངས། །
གཅིག གེ་སར་གྱི་སྒྲུང་ནི་བོད་ཤེས་རིག་གི་མ་ལག་གཙོ་བོ་ཞིག་ཡིན།
དེ་ཡང་སྤྱིར་གླིང་གི་དཔལ་རྟུལ་བརྒྱད་ཅུ། ཕུ་ནུ་སུམ་ཅུ་སོགས་ཀྱི་མཛད་རྗེས་དེ་དག་དམངས་ཁྲོད་དུ་ཁྱབ་པའི་གཏམ་རྒྱུད་དང་། ཡིག་ཐོག་གི་ལོ་རྒྱུས་སོགས་ནི་ནམ་མཁའི་སྐར་ཚོགས་ལྟར་ཕྱོགས་མཚམས་ཀུན་ཏུ་ཁྱབ་ནས་ཡོད། དེ་དག་ལས་ཀྱང་ཁྱད་པར་དུ་གེ་སར་རྒྱལ་བོའི་མཛད་རྗེས་ནི་རླབས་ཆེ་ཞིང་གཟི་བརྗིད་ལྡན་པ་ཞིག་ཡིན་པ་མ་ཟད་ས་ཁུལ་སོ་སོར་གེ་སར་གྱི་ཤེས་རིག་གིས་མ་ཁྱབ་པ་མེད་པ་དང་། གེ་སར་གྱི་བསྟན་པ་དར་བའི་རྟགས་ཁྱད་པར་ཅན་རེ་གཉིས་མེད་པའི་ས་ཞིག་མི་རྙེད་པ་ལྟ་བུ་ཞིག་ཡིན། གེ་སར་གྱི་འཁྲུངས་ཡུལ་ལ་བཤད་ན། ཁམས་སྡེ་དགེའི་ཨ་ཕྱུག་གླིང་ཡིན་པ་ནི་འཁྲུངས་གླེང་མེ་ཏོག་ར་བ་ནས་བཤད་པ་དང་སྦྲགས་ཚེ་ཇི་བཞིན་དོན་ལ་འབྱོར་བ་ཞིག་ཡིན། (དེ་ཡང་ཕྲན་གྱིས་བྲིས་པའི་《གེ་སར་གྱི་འཁྲུངས་ཡུལ་ཇི་བཞིན་བཤད་པ་》ཞེས་པར་ཅུང་གསལ་བོ་ཞིག་བཤད་ཡོད། )དེ་ཡང་བདག་ཀྱང་ཨ་ཕྱུག་གླིང་གི་ཚ་ཚ་དགོན་དུ་ཐེངས་མ་གསུམ་བཞི་ལ་དཔེ་ཁྲིད་དུ་སོང་ཞིང་། ཁྲིད་ཡུན་ཡང་རིང་ལ་ཁྲིད་རྒྱུའི་དཔེ་ཆའི་གྲངས་ཀྱང་མང་། ད
འ་རིང་ལ་འཁྲུངས་གླིང་ནས་བཤད་པའི་ས་རྟགས་ཆུ་རྟགས་དང་དོན་དངོས་སྦྱར་ནས་བལྟས་པས་གེ་སར་འཁྲུངས་ཡུལ་འདི་མིན་ན་གང་ཡིན་སྙམ་པ་ཞིག་འདུག ཁྱད་པར་དུ་གནའ་ནས་དེང་གི་བར་ལྷ་སྲས་དགྲ་ལྷའི་རྒྱུད་པར་གྲགས་པའི་གླིང་ཚང་གི་ནང་གསེར་ཁྲི་མངའ་གསོལ་བྱེད་སྲོལ་ཡོད། འདི་ནི་གེ་སར་འཁྲུངས་ཡུལ་ཡིན་པའི་རྟགས་ཁྱད་པར་ཅན་དུ་ཀུན་གྱིས་བརྩི། གེ་སར་ཞིབ་འཇུག་གི་ལས་དོན་ཁ་སང་དེ་རིང་གཞི་ནས་དར་བ་ཞིག་མིན་ལ། ཞིབ་འཇུག་གི་དུས་ཚོད་སྔ་བ། ཞིབ་འཇུག་གི་རིན་ཐང་ལྡན་པ། ཞིབ་འཇུག་གི་འབྲས་བུ་བཟང་བ་ཞིག་ཡིན། དཔེར་ན་རྒྱལ་ནང་ལ་བཤད་ན་ཀྲུང་དབྱང་ནས་རྫོང་རིམ་པའི་བར་དུ་གེ་སར་ཞིབ་འཇུག་གཞུང་ལས་ཁང་བཙུགས་པ་དང་། སློབ་གྲྭ་ཆེ་ཁང་རྣམས་སུ་ཡང་གེ་སར་ཞིབ་འཇུག་ཁང་ཆེད་འཛུགས་བྱས་ཏེ་ཆེད་སྦྱོང་གི་ལྷ་རམ་པའང་ཡོད། དེང་ཆར་གེ་སར་སྐོར་འདི་རྒྱལ་ནང་དུ་ཤེས་རིག་རླབས་ཆེན་དུ་བརྩིས་པ་མ་ཟད། འཛམ་གླིང་གི་ཤེས་རིག་བང་མཛོད་དུ་མེད་དུ་མི་རུང་བ་ཞིག་ཏུ་ཆགས་པ་རེད། གེ་སར་སྒྲུང་འདི་འཛམ་གླིང་ན་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་ཞིག་ཡིན་པ་ནི་ཡོངས་ལ་རླུང་ལྟར་གྲགས་པ་རེད།
གེ་སར་སྒྲུང་འདི་བཤད་བདེ་བ། ཚིག་སྙན་པ། སྦྱོར་ལེགས་པ། གསོན་ཉམས་ལྡན་པ། བསླབ་བྱ་མང་བ། དངོས་ཡོད་འཚོ་བ་མཚོན་པའི་ཐབས་བཟང་བ་སོགས་དགེ་མཚན་བརྒྱ་ཕྲག་མང་པོས་ཕྱུག་པ་ཞིག་ཡིན། བལྟས་ན་མིག་གི་ལོངས་སྤྱོད། ཉན་ན་རྣ་བའི་ལོངས་སྤྱོད། བསམ་ན་སེམས་ཀྱི་ལོངས་སྤྱོད་དུ་གྱུར་པས་བོད་རིགས་མི་དམངས་ཀྱི་ཁྲོད་ན་ཁྱབ་རྒྱ་ཆེ་ལ། ཆོད་ཆེ་བའི་གོ་ས་བཟུང་ཡོད། ཁྱད་པར་དུ་གེ་སར་སྒྲུང་འདིས་བོད་རིགས་མི་དམངས་ཀྱི་བསམ་བློ་དང་། བྱ་སྤྱོད། ལས་དོན་སོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་ཐེབས་པ་དང་། བོད་ཀྱི་རིག་གནས་ཆེ་ཆུང་བཅུ་དང་མི་འདྲ་ཞིང་གེ་སར་སྒྲུང་འདི་བོད་ཀྱི་ཞིང་འབྲོག་མི་སེར་དཀྱུས་མ་སྟེ་ཡིག་ངོ་མི་ཤེས་མཁན་ཚོས་ཀྱང་ཇི་བཞིན་ཉན་བཤད་ཤེས་ཀྱི་ཡོད་པས་གེ་སར་སྒྲུང་གི་རིག་གནས་ནི་བོད་སྤྱི་པའི་རིག་གནས་ཤིག་ཡིན། གེ་སར་སྒྲུང་ལས་ཇེ་རུ་སྟེ་གེ་སར་ཐོག་མར་མ་གཅིག་བུ་གཅིག་ཡིན་པ། སྦྲ་འཐེད་པོ་ཞིག་དང་འབྲི་གཅིག་སོགའ་འཚོ་བ་སྐྱོ་བོ་ཡིན་པ་ལ། རིམ་བཞིན་རང་གི་འཇིན་ནུས་ཀྱིས་གླིང་གི་བདག་པོར་གྱུར་པར་མ་ཟད། ཕྱི་དགྲ་མགོ་འཇོམས་པའི་ཐོ་བ་རུ་གྱུར། སྐད་ཆ་འདིས་བུ་སྐྱེས་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་དང་། གྲི་བཟང་པོ་ཀོ་ཤུབ་ནང་ན་ཡོད། མི་བཟང་པོ་གོས་ཧྲུལ་ནང་ན་ཡོད་ཟེར་བའི་དཔེ་དང་འབྱོར་བའི་དོན་ཞིག་བསྟན་གྱི་ཡོད། དེ་ལྟར་ན་དོན་འདིས་བོད་རིགས་མི་དམངས་ཁྲོད་ན་འཁོས་ཀ་ཞན་པ། མིག་ལམ་དུ་མེད་པའི་དམན་པ་དག་ལ་ཡང་སྙིང་སྟོབས་ཀྱི་སློབ་གསོ་སྤེལ་དེ་ངར་བསྐྱེད་པ་དང་། རེ་བའི་ཁོ་ཐག་མ་ཆད་པ་དེ་སྤོབས་པ་དགུ་འགྱུར་སྐྱེ་བར་བྱས། ཇོ་རུ་ལྷ་ལས་ཆད་པ་དང་། ཇོ་རུ་ལ་ལྷས་རོགས་གནང་ཚུལ་བཤད་པ་ནི། ཕྱིས་སུ་དད་པ་ཅན་འགའ་བསྲེས་པའི་ཁ་གསབ་ཀྱི་གཏམ་ཞིག་མིན་ནམ་སྙམ། མ་གཞི་གླིང་གི་ཡུལ་ན་གེ་སར་འཁྲུངས་དུས་ཁ་གྲགས་ཅན་དང་། འབྱོར་ལྡན། དཔུང་ལྡན་སོགས་བརྗིད་ཆེ་བ་མང་རུང་། གེ་སར་རང་ཉིད་ཀྱི་ཧུར་ཐག་གིས་དཀའ་ཚེགས་དང་དུ་བླངས་ཏེ་དམིགས་པ་ཆེན་པོས་ལས་ལ་སྦྱར་ཏེ་ཀུན་གྱི་ཡང་རྩེར་འཛེགས་པའོ། །
འདི་ནས་གེ་སར་ཡོད་མེད་དང་དངོས་ཡོད་ཀྱི་མི་ཞིག་ཡིན་མིན་སྐོར་ལ་རགས་ཙམ་དཔྱད་པར་འདོད་པ་ལ། དེ་ཡང་དགེ་འདུན་ཆོས་འཕེལ་གྱིས། གངས་ཀྱི་སེང་གེ་གར་ཡང་མ་མཆིས་ཤིང་། །གེ་སར་རྒྱལ་བོ་གུད་དུ་མི་བཞུགས་མོད། །སྒྲོ་བཏགས་སེམས་ལ་དངོས་སུ་སྣང་བ་འདི། །སྙན་ཚིག་སྒྲ་ཡི་བརྗོད་བྱར་ཅིས་མི་རུང་། །ཞེས་གསུངས་པ་ལ། འགྲེལ་བཤད་མཁན་པོ་མང་ཤོས་ཀྱིས། དགེ་འདུན་ཆོས་འཕེལ་གྱིས་གེ་སར་མེད་པར་འདོད་པ་དང་། དེ་བཞིན་གངས་སེང་ཡང་མེད་པར་བཤད་འདུག་ཟེར། ཕྲན་གྱིས་ལྟ་ཚུལ་ལམ་འགྲེལ་ཚུལ་ནི། གངས་སེང་ཡོད་མེད་སྐོར་ལ་དགེ་ཆོས་ཉིད་ཀྱིས་གསལ་བཤད་གནང་བ་ནི་འདི་ལྟར།
དཀར་མཛེས་སྟོང་སྐོར་དགོན་དུ་ཉར་ཚགས་བྱས་པའི་ཁྲབ།
གངས་དང་ལྡན་པའི་ནགས་ཀྱི་ཚལ་ན་གནས་པའི་སེང་གེ་ལ་གངས་སེང་ཟེར་ཞེས་གསལ་བར་གསུངས་པས་གངས་སེང་ངོས་འཛིན་ཚུལ་མི་འདྲ་བ་ཙམ་ལས་གངས་སེང་མེད་ཅེས་མ་གསུངས། དེ་བཞིན་གེ་སར་ཡང་གུད་དུའམ་ལོགས་ཞིག་ན་སྒྲུང་ནང་བཤད་པ་ལྟ་བུའི་རླབས་ཆེན་པོ་བརྗིད་ཆེ་བ་ལྷ་ཀླུ་གཉན་གསུམ་གྲོགས་སུ་སྦྲོན་མཁན་ཞིག་མེད་པ་ལ། མི་དཀྱུས་མ་ཞིག་ཡོད་པ་ནི་ཤིན་ཏུ་འདོད་པའི་གཏམ་ཞིག་སྣང་། འོན་ཀྱང་སྒྲུང་ནང་བཤད་པ་ནང་བཞིན་ཞིག་མེད་ཚུལ་ནི་སྙན་ཚིག་གིས་བརྒྱན་པ་རེད་ཅེས་དངོས་སུ་གསུངས་པས་གོ་ཐུབ་ཀྱི་འདུག
གེ་སར་སྒྲུང་འདིས་རིག་གནས་དར་རྒྱས་ཡོང་པ་ལ་སྐུལ་འདེད་ཆེན་པོ་བྱས་ཡོད། བོད་ཀྱི་སྤྱི་ཚོགས་ཁྲོད་ན་གེ་སར་སྒྲུང་ཉན་བཤད་བྱེད་པ་ནི་བདེ་སྐྱིད་ཀྱི་འཚོ་བ་དང་པོའི་གྲལ་ན་ཡོད་པ་ཞིག་ཡིན། ནམ་རྒྱུན་ཕ་མ་དང་ཞང་པོ་དེ་དག་གིས་བུ་ཚ་དག་ལ། ཡི་གེ་སྦྱངས་ནས་སྒྲུང་བཤད་ཤེས་པ་ཞིག་བྱུང་ན་འགྲིག་གི་རེད་ཟེར་གྱིན་ཡོད། དེ་ལྟར་ན་སྒྲུང་བཤད་པ་དང་ཀློག་ཐུབ་པའི་ཆེད་ཡི་གེ་སྦྱོང་བ་དང་། ཡི་གེ་ཤེས་ནས་སྒྲུང་ཀློག་བཤད་བྱས་ཏེ་སོ་སོའི་རིག་གནས་ཆུ་ཚད་ཇེ་མཐོར་འགྲོ་བཞིན་ཡོད། ཁྱད་པར་དུ་སྒྲུང་གི་རིག་པ་ལ་བརྟེན་ནས་འཚོ་བའི་གནས་ཚུལ་ཤེས་པ་མ་ཟད་རྩོམ་རིག་དག་ཀྱང་ཤུགས་ལ་ཤེས་པ་དང་། དཔེ་གསོན་ཉམས་ལྡན་པ་དེ་དག་གིས་ཀྱང་གཏམ་ལ་རྒྱན་ཆ་ཕུན་སུམ་ཚོགས་པ་སྤྲས་ནས། སྤྲོད་སྐྱིད་ཀྱི་འཚོ་བའི་འོད་སྣང་ཞིག་འཁྱིལ་གྱི་ཡོད།
གེ་སར་སྒྲུང་འདིའི་སྒྱུ་རྩལ་ལ་བཤད་ན། དགའ་བ་སྐྱེད་པའི་སྒྱུ་རྩལ། ཡིད་འཕྲོག་པའི་སྒྱུ་རྩལ། སྐྱོ་བ་སྐྱེད་པའི་སྒྱུ་རྩལ། དཔའ་སྐྱེད་པའི་སྒྱུ་རྩལ། སེམས་བདེ་བའི་སྒྱུ་རྩལ། འཚོ་བ་ཤེས་བྱེད་ཀྱི་སྒྱུ་རྩལ་སོགས་སྒྱུ་རྩལ་ཕུན་སུམ་ཚོགས་པའི་རྩོམ་རིག་ཅིག་ཡིན། གེ་སར་སྒྲུང་ཕལ་ཆེ་བ་དེ་རང་བྱུང་རིག་པའི་རྩལ་ལས་བརྡོལ་བ་ལས་ནན་གྱིས་བཙན་སྦྱར་བྱས་པ་ཞིག་མིན་པས། སྔ་ཕྱི་འབྲེལ་ཆགས་པ། ཚིག་སྦྱོར་སྡེབ་ལེགས་པ། ལྷན་ཆགས་པ། རང་བབ་ཀྱི་ཉམས་དང་ལྡན་པའི་དགེ་མཚན་ཡོད།
དམགས་དོན་གྱི་རིག་པ་ནི་དེ་ལས་ཀྱང་ཤུགས་ཆེ་བ་ཞིག་བསྟན་ཡོད་དེ། འཐབ་པའི་བཀོད་པ། འགྲོ་ལྡོག་གི་ཚོད་འཛིན། དཔའ་བོར་བྱ་དགའ་སྟེར་ལུགས། སྡར་མ་ལ་ཆད་པ་གཅོད་ལུགས། མདོར་ན་དམག་བཀོད་བྱེད་ལུགས་རྣམས་ཚིག་དོན་ཕུན་སུམ་ཚོགས་པའི་སྒོ་ནས་བསྟན་ཡོད། གེ་སར་སྒྲུང་ལས་དཔལ་འབྱོར་ལ་མཐོང་ཆེན་གནང་ཚུལ་བསྟན་པ་ནི། རྫོང་ཁག་སོ་སོ་ཕབ་དུས་རྫོང་དེའི་ནོར་སོགས་བླངས་པ་ཡང་། དཔེར་ན་གྲུ་གུ་གོ་རྫོང་། སུམ་པ་མཛོ་རྫོང་། ཁ་ཆེ་ར་རྫོང་། མི་ནུབ་དར་རྫོང་། སོག་པོ་ཁྱི་རྫོང་། མི་ཉག་གཡུ་རྫོང་། སྟག་གཟིག་ནོར་རྫོང་། རྒྱ་ནག་ཇ་རྫོང་། རིམ་བཞིན་གོ་མཚོན་དང་། མཛོ། ར། དར། ཁྱི། གཡུ། ནོར། ཇ་སོགས་ཀྱི་རྫོང་ཕབ་སྟེ་ཕུན་སུམ་ཚོགས་པའི་དཔལ་ལ་རོལ་བར་བྱས།
གཉིས། ཁྱད་པར་ཧོར་རོང་པ་ཚ་དང་འབྲེལ་བའི་གེ་སར་གྱི་རིག་གནས།
དཀར་མཛེས་རྫོང་ནས་ཡར་ལེ་དབར་སུམ་ཅུ་དང་སྡེ་དགེ་ཨ་ཕྱུག་ནས་མར་ལེ་དབར་བརྒྱ་དང་སུམ་ཅུ་ཙམ་གྱི་མཚམས་སུ་ཆགས་པའི་ས་གནས་དེ་ལ་ཧོར་རོང་པ་ཚ་ཟེར། འདི་ན་གནས་པའི་མི་སྡེ་དག་གིས་ཀྱང་གེ་སར་གླིང་སྒྲུང་ལ་མཐོང་ཆེན་གནང་པ་མ་ཟད་སྒྲུང་ཕལ་ཆེར་བློ་ལ་བཤད་ཐུབ་མཁན་མང་། ཁྱད་པར་དུ་ས་གནས་འདིའི་མང་ཚོགས་དག་གིས་སྒྲུང་ལ་ཆེས་དགའ་བོ་གནང་པ་དང་། སྒྲུང་ཉན་བཤད་ཀྱི་བསྟན་པ་རྒྱ་ཆེ་དར་གྱི་ཡོད་པ་ལ་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་སྟེ། ང་ཚོས་དཔྱད་པ་གསུམ་གྱིས་ཚུལ་བཞིན་གཞལ་ན་གླིང་གེ་སར་དང་འབྲེལ་ཡོད་ཀྱི་བསྟན་པ་མང་པོ་ཞིག་གནས་འདི་ནས་སྤེལ་ཡོད་པ་མཐོང་གི་འདུག དེ་ཡང་སྤྱིར་གནས་འདི་ལ་རོང་བ་ཚ་ཞེས་སྔོན་ནས་གྲགས། མིང་འདི་ལ་འགྲེལ་བཤད་མི་འདྲ་བ་གཉིས་འདུག བཤད་ཚུལ་གཅིག་ནི་སྡེ་ཆེན་པོ་འདི་རོང་བ་ཡིན་ཞིང་། རྟགས་ཁྱད་པར་ཅན་གྱི་ཚ་ཆུ་ཞིག་ཀྱང་ཡོད་པས་རོང་པ་ཚ་ཞེས་པ་དང་། ཡང་བཤད་ཚུལ་གཅིག་ནི་ཧོར་རོང་ཚ་དམར་ལེགས་ཕྱོགས་འདིར་བྱོན་མྱོང་པའི་རྒྱུ་མཚན་གྱིས་ཧོར་རོང་པ་ཚ་ཞེས་བཤད། གང་ལྟར་གནས་འདི་ན་གླིང་དང་ཧོར་གྱི་བསྟན་པ་དར་བའི་ལོ་རྒྱུས་ནི་ནམ་མཁའི་སྐར་ཚོགས་ལྟར་མང་། དཔེར་ན་ཧོར་སེར་ཁག་ལྔ་སྟེ། རྟའུ། བྲག་མགོ ཏྲེ་བོ། དཀར་མཛེས། སྟོང་སྐོར་ལྔ་ལ་ཟེར་གྱིན་ཡོད། དེ་ལྟར་ན་གནས་འདི་ལ་ཏྲེ་ཧོར་རོང་བ་ཚ་ཞེས་སྔོན་ནས་དེང་བར་གྲགས་པས་ཧོར་གྱི་བསྟན་པ་དར་ཡོད་ཁོ་ཐག་རེད། ཧོར་ལ་ཡང་ཧོར་སེར་དང་ཧོར་ནག་ཧོར་དཀར་གམུམ་དུ་ཕྱེ་བ་ནི་ཀུན་གྱིས་ཤེས། དེ་བས་མ་ཟད་ཧོར་སྡེ་ཡོད་པ་ནང་བཞིན་གླིང་སྡེ་ཡང་འདི་ན་ཡོད་པ་ནི། རྟེན་འབྲེལ་ལམ་ལྟོས་གྲུབ་ཡིན་པ་རེད། དེ་ཡང་ཡིན་ཏེ། དཔེར་ན་རོང་བ་ཚ་ཞེས་པའི་སྐབས་སུ་རྟ་ཆུ་ཞེས་པའི་གཙང་ཆུ་ཞིག་ཡོད་ལ་དེའི་ཡན་ཆད་ལ་ཟེར་བ་དང་། རྟ་ཆུ་མན་ཆད་ལ་གླིང་ཚང་ཤོག་བཞི་ཟེར་བ་ཞིག་ཡོད། དེ་ཡང་སྨད་ཤོག་པ། རེ་མགོ་ཤོག་པ། མཁར་སྒང་ཤོག་པ། ནོར་འཛིན་ཤོག་པ་སྟེ་བཞི། འདིའི་གླིང་ཚང་ཞེས་པ་དེ་གེ་སར་གླིང་གི་རྒྱུད་པ་མིན་ནམ་སྙམ། གང་ཡིན་ཟེར་ན་ས་གནས་འདི་ན་ཧོར་ཞེས་པ་ཞིག་དང་གླིང་ཞེས་པ་ཞིག་ཡོད་ཚུལ་ལ་བལྟས་ན་ཧོར་གླིང་ཞེས་ཆེས་འོས་ཤིང་འཚམ་པོ་འདུག གཅིག་བྱས་ན་གླིང་གིས་ས་གནས་འདི་བཟུང་ནས་ཧོར་དང་འཁྲུགས་པ་བཀྱེས་པ་ཞིག་མིན་ནམ་སྙམ། སྔོན་ནས་དེང་གི་བར་གཡུལ་གང་དུ་འགྱེད་ན་དེར་ས་བཟུང་དགོས་པ་ནི་འགྲོ་ལུགས་ཤིག་རེད། ཡང་རོང་བ་ཚ་རང་ན་འདན་མ་ཁག་ཅེས་གྲོང་སྡེ་ཞིག་ཡོད། དེང་མིང་འདི་སྡེ་ཤོག་ལ་བཏགས་ནས་འདན་མ་སྡེ་ཤོག་ཟེར་གྱིན་ཡོད། འདིའི་འདན་མ་ཟེར་བ་འདི་སྔོན་དུད་ཚང་གཅིག་གི་དུད་མིང་རེད་འདུག དུད་ཚང་འདི་ལ་འདན་མ་དབང་ཆེན་ཟེར་བ་གཅིག་དང་། དེ་རྗེས་འདན་མ་རིག་འཛིན། པད་རྡོར་ཟེར་བ་གཉིས་བྱུང་བ་དང་། དེ་རྗེས་འདན་མ་ཡ་ལུ་དང་ཉི་དགའ། རྡོ་གཅེས་ཟེར་བ་གསུམ་བྱུང་། འདིའི་ཁྱིམ་རྒྱུད་དུ་སྐྱེས་པའི་བུ་དག་ནི། གཟུགས་མཐོ་ལ་ཕོ་སྒོ་ཡག་པ། སྙིང་ཡོད་ལ་དཔའ་ཤེད་ཆེ་བ་ཤ་སྟག་བྱུང་བས་ཀུན་གྱིས་གཞི་བདག་གི་བུ་རེད་ཅེས་བཤད་སྲོལ་འདུག དེ་ལྟར་ན་གླིང་འདན་མའི་མི་རྒྱུད་རེད་ཟེར་ན་ངོ་ཚ་མི་དགོས་པ་ཞིག་རེད། འོན་ཀྱང་ཕུགས་ཀྱི་གནས་ཚུལ་གང་འདྲ་ཞིག་ཡིན་མིན་དཔྱད་གཞི་ལགས། ཡང་སུས་ཀྱང་བསྙོན་དུ་མེད་པའི་ལོ་རྒྱུས་ཤིག་ནི། འཛམ་གླིང་གེ་སར་རྒྱལ་བོའི་ཚེ་རབས་ལས་ཀྱི་རྟ་ཕོ་སྟེ། འདོ་རྗེ་རྐྱང་རྒོད་དེ་ཧོར་གྱི་ཧོར་གྱི་གདོང་ཆེན་ཉ་ཉ་ན་ཡོད་ཚུལ་འདི་ལྟར་གསུངས་ཏེ། དེ་ཡང་ཇོ་རུས་མ་འགོག་མོ་དང་འབྲུག་མོ་གཉིས་རྟ་འཛིན་དུ་བཏང་བ་དང་། ཁོང་གཉིས་ཀྱང་རྟ་འཛིན་དུ་སོང་བས། ས་བཟང་པོ་སྨོན་ལམ་ལ་ཁ་ནས་ཕར་བལྟས་ཚེ། བོད་ཀྱི་པན་ནེ་རི་ངོས་སུ། རྐྱང་ལ་ཡན་ལ་ལ་བཀྲམ། ལུང་ཡན་ཐང་ལ་བཀྲམ། རི་ཡན་རྩ་ལ་གཡེངས་ནས་ཡོད་པར་ཞིབ་ཏུ་བལྟས་པས་གཞན་དང་མི་འདྲ་བའི་འདོ་རྗེ་རྐྱང་རྒོད་དེ། སྔོན་པོ་གཡུ་ཡི་རྔ་རྔོག པདྨ་ར་གའི་སྤུ་མདོག སྤུ་རྩེ་གཟི་མདངས་ལམ་མེར། མདུན་ནས་བལྟས་ན་ལི་ག་མ་ཐད་དུ་ཀེར་ལངས་འདྲ། རྒྱབ་ནས་བལྟས་ན་རྒོད་ངང་བས་སྤང་ཟན་འཐུ་འདྲ། ཞུམ་ཞུམ་ཝ་མོའི་ཁོག་སྨད་ལ། ཀྱུར་ཀྱུར་ཉ་མོའི་བཤུལ་འདྲ་ཡོད་པ། ཤ་རྒྱས་ཤིས་ཀྱི་སྒྱིད་པ་ལ། ཤང་ཤང་མ་ཡི་བྲང་ཆུང་ཡོད། བར་ལྷུག་བཞི་ན་འཇུར་བཞི་ཡོད། ཚིགས་བཞི་དང་ཆ་ཚད་མཉམ་པ་རྟ་གཞན་དང་མི་འདྲ་བའི་འདོ་བའི་གསང་ཆེན་བཅུ་གསུམ་ན་བྱ་ཁྲ་ཁྲ་སྤུངས་སེ་ཡོད་པ་འབྲུག་མོས་མཐོང་སྟེ་འགོག་མོ་ལ་གླུ་བླངས་པ་ནི་འདི་ལྟར། ས་འདི་ས་ངོ་མ་ཤེས་ན། །ས་བཟང་པོ་སྨོན་ལམ་ལ་ཁ་རེད། ཐད་ཕར་ལ་བལྟས་དང་ལྟད་མོ་གདའ། རྒྱལ་བོ་གདན་ལ་བཞུག་འདྲའི་རི། རྒྱ་ཡི་ཁ་ཤ་སྨུག་རི་ཟེར། ཧོར་གྱི་གདོང་ཆེན་ཉ་ཉ་དང་། བོད་ཀྱི་པན་ནེ་རི་ཡག་རེད། རི་མགོར་འཇའ་སྤྲིན་འཁྲིགས་ཀེར་ཡོད། རི་སྐེད་རྩི་ཤིང་རྒྱས་ནས་ཡོད། རི་མཐའ་མེ་ཏོག་བཀྲ་ནས་ཡོད། རྐྱང་ཁ་དཀར་མ་བརྒྱ་བུ་བརྒྱ་ལྷན་དུ་གནས། སོགས་གསུངས་པ་ལས། ས་བཟང་པོ་སྨོན་ལམ་ལ་ཁ་དེ་ད་ལྟ་རྫོགས་ཆེན་ནས་མར་ཡོང་དུས་སྨུག་རི་ལ་ཟེར་བ་དེ་རེད། སྨུག་རི་ལ་ནས་བལྟས་དུས་ཧོར་གྱི་གདོང་ཆེན་ཉ་ཉ་འདི་མཐོང་གི་ཡོད། དེ་དུས་འབྲུག་མོས་ཀྱང་སྨོན་ལམ་ལའམ་སྨུག་རི་ལ་ནས་གདོང་ཆེན་ཉ་ཉ་མཐོང་སྟེ། འགོག་མོ་ལ་གླུ་བླངས་པ་ཞིག་རེད། བོད་ཀྱི་པན་ནེ་རི་བཀྲ་ཟེར་དོན་ཡང་ཡར་དབུས་ལྷ་སར་འགྲོ་དུས་ཀྱི་ལམ་བར་གྱི་རི་མགོ་ཞིག་ནས་མར་བལྟས་དུས་ཀྱང་རི་མགོ་འདི་མཐོང་གི་འདུག མཐོང་ཚུལ་ཡང་མེ་ཏོག་པདྨ་བཀྲ་བ་ལྟ་བུའི་རི་ཞིག་མཐོང་པས་རེད། དེ་བཞིན་རྒྱ་ཡི་ཁ་ཤ་སྨུག་རི་ཟེར་དོན་ཡང་། རྒྱ་ཡུལ་གྱི་རི་མགོ་ཞིག་ནས་རི་འདི་མཐོང་བ་དང་། མཐོང་ཚུལ་ཡང་ཁ་ཤའི་མདོག་དབྱིབས་ལྟ་བུ་ཞིག་མཐོང་གི་ཡོད། ཧོར་གྱི་གདོང་ཆེན་ཉ་ཉ་ཟེར་དོན་ཡང་། ཧོར་རོང་བ་ཚ་བས་རི་འདིར་གདོང་ཆེན་ཉ་ཉ་ཟེར་བ་དང་། རི་ཡི་འགྲམ་ནས་བལྟས་དུས་ཉ་ཡི་དབྱིབས་ལྟ་བུ་ཞིག་མཐོང་པས་རེད། སྤྱིར་འདོ་རྗེ་རྐྱང་རྒོད་ཐོག་མ་ཡོད་སའི་རི་འདི་ན་ཡོད་དང་དེ་ན་ཡོད་ཅེས་བཤད་ཚུལ་ཆེས་མང་། འོན་ཀྱང་ཇོ་རི་འཁྲུངས་ཡུལ་གྱི་ས་གནས་དང་རོང་བ་ཚའི་བར་གྱི་ས་ཐག་དང་། གནའ་མི་རྒན་པོའི་ངག་སྒྲོས། ས་རྟགས་ཆུ་རྟགས་གང་ནས་གཞིགས་རུང་རི་འདི་འདོ་རྗེ་རྐྱང་རྒོད་ཐོག་མ་ཡོད་ས་དེ་རེད། ཁྱད་པར་དུ་ཧོར་རོང་བ་ཚ་འདི་ན་རྟ་འགྲོས་མ་ཆེས་མང་ཞིང་། ཆབ་མདོ། རྟའུ། སྐྱེ་དགུ། འདན་ཁོག་སོགས་ས་གནས་སོ་སོ་ནས་རྟ་ཉོ་བར་ཆེད་ཕེབས་ཀྱིས་རྟ་རྣམས་ལ་གོང་ཆེན་པོ་སྤྲད་ནས་ཉོ་བ་དང་། དེར་བརྟེན་ཧོར་རོང་བ་ཚ་བའི་གནའ་མིའི་ཞལ་རྒྱུན་ལ། འདོ་རྗེ་རྐྱང་རྒོད་དེ་གནས་འདིར་བྱུང་བ་ཡིན་ཙང་འདི་ཕྱོགས་ཀྱི་རྟ་རྣམས་འགྲོས་ཁ་བཟང་ལ་སྤུས་གཙང་བ་ཞིག་ཡིན་ཟེར། གནའ་མི་རྒན་པོའི་ཞལ་རྒྱུན་བཞིན་འདོ་རྗེ་རྐྱང་རྒོད་ཀྱི་རྒྱུད་པ་ལོས་ཡིན་སྙམ་པའི་རིན་གོང་ཁྲི་ཅན་གྱི་རྟ་ཆེས་མང་། དཔེར་ན། ད་ལྟ་རོང་བ་ཚ་སྒེར་ཐོག་གྲོང་དུ་རྟ་རྨ་བྱ་ཟེར་བ་ཞིག་འདུག རྟ་དེ་ལ་སྒོར་མོ་ཁྲི་གཉིས་སྤྲད་མཁན་ཡོད་རུང་མ་བཙོང་པ་རེད། དེ་ལྟར་ན་རོང་བ་ཚ་བས་ཚོང་ལས་ཐམས་ཅད་ཀྱི་ནང་ནས་རྟ་ཡི་ཚོང་ལས་དེ་ཆེས་འཕེལ་རྒྱས་འགྲོ་བཞིན་ཡོད་པ་མ་ཟད། རྟ་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་ཟེར་ཆོག་པ་ཞིག་གོ །ད་དུང་གནས་འདི་ན་ཇོ་རུས་འུར་རྡོ་ཡིས་འཕངས་པའི་རྡོ་ཡ་མཚན་ཅན་དང་། འདོ་རྗེ་རྐྱང་རྒོད་ཀྱི་ཞབས་རྗེས། འབྲུག་མོའི་ཐབ་ཀ་སོགས་ས་གནས་སོ་སོ་ན་ཆེས་མང་ཞིང་། དེ་དག་ལ་གཏམ་རྒྱུད་ཡག་པོ་བཤད་རྒྱུ་ཡོད། རྗེས་སུ་གོ་སྐབས་བྱུང་ན་པར་རེ་རྒྱག་ན་ཆེས་ཡག་པོ་རེད་སྙམ།
སྨྲས་པ། ཧོར་གླིང་འདྲེས་མ་གྲོང་གི་རྒྱ་མཚོ་ནས། །
ཧོར་གླིང་གཉིས་ཀྱི་མཛད་རྗེས་དྲི་མེད་ནོར། །
ཧོར་གླིང་གང་གི་རིགས་ཡིན་མ་ངེས་པས། །
ཧོར་གླིང་འདྲེས་མའི་བུ་དེས་འདི་བྱས་སོ། །
རྩོམ་གསར། 10