ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-08-02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ7པའི་ཚེས31ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ལ་སྤྱི་པའི་ཞབས་ཕྱི་ཉོ་བར་ཞིབ་འཇུག་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། གསར་སྐྲུན་ལ་བརྟེན་ནས། སྤྱི་པའི་ཞབས་ཕྱི་སྔར་ལས་བཟང་བོ་འདོན་སྤྲོད་བྱེད་རྒྱུ་ནི། མི་དམངས་མང་ཚོགས་ལ་ཕན་བདེ་བསྐྲུན་པ་དང་སྤྱི་ཚོགས་ཁྱབ་ཁོངས་བཅོས་སྒྱུར་ཟབ་མོ་བྱེད་པ། ཞབས་ཕྱིའི་ལས་རིགས་གོང་དུ་སྤེལ་བ་དང་། དགོས་མཁོར་ཁྲིད་སྟོན་བྱེད་པའི་བྱེད་ཐབས་འགངས་ཆེན་ཞིག་ཡིན་པ་ལས་གཞན། སྲིད་གཞུང་གི་འགན་ནུས་ལེགས་སྒྱུར་བྱེད་པར་ཡར་སྐུལ་དང་། སྲིད་དོན་དང་སྤྱི་ཚོགས་ལས་དོན་བར་གྱི་དབྱེ་བ་འབྱེད་པ། ཞབས་ཕྱི་ཅན་གྱི་སྲིད་གཞུང་བསྐྲུན་པའི་དགོས་ངེས་ཀྱི་བླང་བྱ་ཡིན་པས། ཁྲོམ་རར་ཞུགས་པར་སྒོ་འབྱེད་པ་དང་། བཅོས་སྒྱུར་གྱི་ཁེ་བཟང་མར་སྟེར་བ། སྤྱི་ཚོགས་ཀྱིས་སྒྲུབ་ནུས་པའི་དོན་དག་སྤྱི་ཚོགས་སྟོབས་ཤུགས་ལ་སྤྲོད་ཅི་ཐུབ་བྱེད་པ་དང་། སྤྱི་པའི་ཞབས་ཕྱི་ལེགས་བཅོས་བྱེད་པའི་མཉམ་ཤུགས་སུ་མྱུར་དུ་བསྒྱུར་བ་དང་། ཁྱབ་ཁོངས་ཁ་ཤས་ཀྱི་སྤྱི་པའི་ཞབས་ཕྱིའི་ཐོན་རྫས་དཀོན་པ་དང་། རྒྱུ་སྤུས་ཞན་པ། ཕན་འབྲས་དམན་པ་སོགས་ཀྱི་གནད་དོན་ཐག་གཅོད་བཟང་བོ་བྱས་ཏེ། མང་ཚོགས་ལ་སྟབས་བདེ་དང་ཁེ་བཟང་སྔར་ལས་མང་པོ་ཐོབ་ཏུ་འཇུག་དགོས།

ཚོགས་ཐོག་ནས་ལས་འགན་གཙོ་བོ་འགའ་གཏན་ལ་ཕབ་པ་འདི་ལྟར། གཅིག་ནས་གྲོང་ཁྱེར་གྱི་ས་འོག་སྦུག་ལམ་དྲ་བའི་འཛུགས་སྐྲུན་དང་སྒྱུར་བཀོད་ལ་ཤུགས་སྣོན་པ་དང་། མཁར་གྲོང་གི་ཆུ་འདོན་སྒྲིག་ཆས་འཐུས་ཚང་དང་། གྲོང་ཁྱེར་གྱི་ཆུ་དགྲ་འགོག་པའི་ནུས་པ་ཇེ་མཐོར་གཏོང་བ། གཉིས་ནས་བཙོག་ཆུ་དང་འཚོ་བའི་གད་སྙིགས་མེད་པར་བཟོ་བ་དང་ཡང་བསྐྱར་བཀོལ་ཆོག་པའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། གསུམ་ནས་ས་འོག་ལྕགས་ལམ་དང་། ས་ཁའི་ལྕགས་ལམ་སོགས་མི་མང་པོ་ཤོང་བའི་སྤྱི་པའི་འགྲིམ་འགྲུལ་མ་ལག་བསྐྲུན་པར་ཤུགས་སྣོན་པ་དང་། རྒྱལ་ཡོངས་མཁར་གྲོང་གི་རྐང་ཐང་དུ་འགྲོ་ས་དང་ལྕགས་རྟར་ཞོན་སའི་བགྲོད་ལམ་མྱུར་དུ་བསྐྲུན་པ། བཞི་ནས་གྲོང་ཁྱེར་གྱི་ཟམ་པའི་བདེ་འཇགས་ཞིབ་བཤེར་ཚད་ལེན་དང་དེ་ཇེ་བརྟན་དུ་གཏོང་བར་ཤུགས་བསྣན་ནས། འགྲུལ་བཞུད་བདེ་འཇགས་ལ་ཁག་ཐེག་བྱེད་པ། ལྔ་ནས་གྲོང་ཁྱེར་གྱི་གློག་དྲའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གློག་དྲ་རིག་ནུས་ཅན་དུ་བསྒྱུར་བ། དྲུག་ནས་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། གྲོང་ཁྱེར་གྱི་ཆུ་ལོག་འགོག་ཕྱུངས་དང་། ས་འོག་ཆུ་ཁ་གསབ་སོགས་ཀྱི་བྱེད་ནུས་ཇེ་ཆེར་གཏོང་དགོས་པ་བཅས་རེད།

  • ལེ་ཚན་སྔོན་མ།:རྨ་ཁུག་གྱི་ལིང་ཞེས་པའི་གློག་བརྙན་ཀྲུང་དབྱང་བརྙན་འཕྲིན་ཁང་གློག་བརྙན་འཕྲིན་ལམ་ནས་བཏང་།
  • ལེ་ཚན་རྗེས་མ།:བོད་ཀྱི་ཡིག་གཟུགས་མཁས་པ་འཕྲིན་ལས་རྒྱལ་མཚན་གྱིས་བོད་ཡིག་ཡིག་གཟུགས་འགྲེམ་སྟོན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།