བོད་ཀྱི་ཡིག་གཟུགས་མཁས་པ་འཕྲིན་ལས་རྒྱལ་མཚན་གྱིས་བོད་ཡིག་ཡིག་གཟུགས་འགྲེམ་སྟོན་བྱས་པ།
ཉེ་ལམ། ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་ཡིག་གཟུགས་མཉམ་འགྲེམ་བྱེད་སྒོ་ཞིན་ཧྭ་མིའུ་ཡོན་དུ་སྤེལ་ཞིང་། དེའི་སྟེང་བོད་ཀྱི་ཡིག་གཟུགས་མཁས་པ་འཕྲིན་ལས་རྒྱལ་མཚན་གྱི་ཡིག་གཟུགས་གཟེངས་སུ་ཐོན་པས་ཀུན་གྱི་མིག་དབང་འཕྲོག
འཕྲིན་ལས་རྒྱལ་མཚན་ནི་ད་ལོར་ལོ34ཡིན་ཞིང་། ཉིན་རྒྱུན་གྱི་ལས་ཀ་ནི་ཕོ་བྲང་པོ་ཏ་ལའི་ཆོས་དཔེ་ལེགས་སྒྲིག་བྱེད་པ་དེ་ཡིན་ལ། བསྟུད་མར་ལོ11རིང་ལས་འདི་གཉེར་བ་དང་། ཁོས་ཆོས་དཔེའི་འཐུས་ཚང་རང་བཞིན་ལ་སྲུང་སྐྱོབ་བྱེད་ཆེད་ཤོག་ངོས་རེ་རེ་བཞིན་ཀློག་དགོས་ཤིང་། ཆ་མི་ཚང་བའི་ཤོག་ངོས་དག་མྱུར་དུ་ཁ་གསབ་བྱེད་པ་དང་། དེ་ནི་ཆོས་དཔེའི་ནང་དོན་དང་མཐུན་དགོས་པ་མ་ཟད་ཡིག་གཟུགས་ཀྱང་མཐུན་པར་བྱེད་དགོས།
འཕྲིན་ལས་རྒྱལ་མཚན་ནི་ལྷ་ས་སྙེ་མོ་རྫོང་གི་བོད་ཀྱི་ཡིག་གཟུགས་ཁྱིམ་རྒྱུད་ཅིག་ནས་སྐྱེས་ཤིང་། ཁོའི་ཡབ་མེས་རྣམས་ཆོས་དཔེ་འབྲི་མཁན་ཡིན་པའི་ཁར་ཁོ་ལ་བག་ཆགས་ཟབ་མོ་བཞག་སྟེ་ལོ6ཡས་མས་སྟེང་ཨ་ཕ་དང་ལྷན་དུ་བོད་ཡིག་ཡིག་གཟུགས་སྦྱངས་པ་དང་། ཐོག་མའི་དུས་སུ་ཁོས་ལོ10ལྷག་ལ་ཤོག་བུའི་སྟེང་ཡིག་གཟུགས་སྦྱངས་རྗེས་རིམ་གྱིས་ཆེད་མཁས་དགེ་རྒན་ལ་བསྟེན་ནས་ཡིག་གཟུགས་གང་མང་སྦྱངས།
ཁོས་བཤད་རྒྱུར། དུས་རྒྱུན་མང་པོར་མི་སྤྱོད་པ་དང་ཉམས་ཉེན་ལ་འཕྲད་པའི་བོད་ཡིག་ཡིག་གཟུགས་དག་གི་ལོ་རྒྱུས་ཀྱི་ཁུངས་དང་། ཡིག་གཟུགས་ཀྱི་འཕེལ་རྒྱས། དེ་མིན་ད་ལྟའི་ཡིག་གཟུགས་ཀྱི་འགྱུར་བ་སོགས་ཡི་གེའི་ལམ་ནས་ཞིབ་འབྲི་བྱས་ཏེ་བོད་ཡིག་ཡིག་གཟུགས་ཐད་ཀྱི་དཔེ་ཆ་ཞིག་རྩོམ་ཐུབ་ན་རྗེས་རབས་པ་རྣམས་ཀྱིས་ཀྱང་དཔེ་ཆའི་ཁྲོད་ནས་གནའ་བོའི་ཡིག་གཟུགས་དག་སྦྱོང་ཐུབ་པར་དགེ་མཚན་རབ་ཏུ་ལྡན་ལ། ང་ཚོས་ངེས་པར་དུ་ཡིག་གཟུགས་ཉམས་ཉེན་གྱི་གནས་སྟངས་ལྡོག་སྟེ་མྱུར་སྐྱོབ་བྱེད་དགོས།