ཨ་མྱེ་སྒོ་གདོང་གི་གཏམ་རྒྱུད།

ངག་དབང་བསྟན་པའི་རྒྱལ་མཚན།        2013-05-06

ཨ་མྱེ་སྒོ་གདོང་གི་གཏམ་རྒྱུད།
ཨ་མྱེ་སྒོ་གདོང་།ཨ་མྱེ་སྒོ་གདོང་གི་གཏམ་རྒྱུད།



འདི་ནི་སི་ལ་ཝའེ་ཡི་ལྷམ་རེད།

 

སྔོན་དུས་རྒྱལ་རོང་ས་ཆ་ནི་མི་རྒོད་དང་བྲག་སྲིན་འབྱུང་པོ་མི་མིན་མི་དྲེད་སོགས་ཧ་ཅང་མང་སའི་གནས་ཧ་ཅང་འཇིགས་རུང་ཞིང་སྐྱི་གཡའ་བ་མཐོང་བ་ཙམ་གྱིས་བྲེད་ཤ་ལངས་སའི་གནས་ཞིག་ཡིན་པ་ལ་སྟག་གཟིག་འོལ་མོ་ལུང་རིང་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་ཤར་རོང་ཆེན་མཐའ་འཁོབ་ཀྱི་ས་བདེ་ལ་བཀོད་དུ་འགྲོ་དགོས་ཞེས་པ་ལོ་རྒྱུས་ནང་དུ་བཤད་སྲོལ་ཡོད་པ་བཞིན་ཨ་མྱེ་སྒོ་གདོང་དེང་སང་ཉ་ཀ་ཤང་འབོད་པའི་ས་གནས་དེར་འཁྲུངས།འཁྲུངས་པའི་སྐབས་ནམ་མཁའ་ནས་འབྲུག་ཆེན་གྲགས་ཤིང་།ཆར་སྤྲིན་གྱི་མེ་ཏོག་འཐོར་བ།འཇའ་ཚོན་སྣ་ལྔའི་གུར་ཆེན་ཕུབ།ཨ་མའི་རྨི་ལམ་ལའང་ཁྱེའུ་ཡིད་དུ་འོང་བ་ཞིག་གིས་ཉི་ཟླ་གཉིས་ཀ་བཅིབས་ནས་འཛམ་བུ་གླིང་ལ་བསྐོར་བ་རྒྱག་པ་སོགས་ངོ་མཚར་བའི་ལྟས་ཕུན་ཚོགས་པ་དང་བཅས་ཨ་མྱེ་སྒོ་གདོང་ཤར་རོང་ཆེན་མཐའ་འཁོབ་ཏུ་སྒོ་རིགས་ཀྱི་གདུང་ལས་འཁྲུངས་སྐད་ཡོད།
འཁྲུངས་མ་ཐག་ནས་བྱིས་པ་གཞན་དང་མི་འདྲ་བར་མགོའི་དབུ་སྐྲ་དམར་སེར་ཡིན་ཞིང་།ལུས་ཀྱི་སྐུ་མདོག་དམར་པོ་ཡིན་པ་གཟུགས་སྟོབས་ཆེ་ཞིང་དཔའ་རྩལ་འཛོམས་པ་ཞིག་ཡིན་པར་བཤད།ཅུང་ནར་སོན་རྗེས་མིའི་འཚོ་བཅུད་ཁ་ཟས་ངན་ངོན་ཙམ་གྱིས་མི་ཆོག་པས་ཨ་མས་ཁོ་གསོ་མ་ཐུབ་པར་ཨ་མ་ལ་ད་ང་རི་དྭགས་དང་ལྷན་དུ་རི་མགོར་འགྲོ་རྒྱུ་ཡིན་པས་ཁྱེད་ཀྱི་འཚོ་བ་ལ་དཀའ་ཁག་དང་བྱ་བ་གང་ཞིག་གི་ཐད་རོགས་རམ་བྱེད་དགོས་ཚེ་ང་ལ་འབོད་ཏུ་ཤོག་ཅེས་བཤད་རྗེས་རི་བུད་བྱས་ཏེ་རི་མགོར་འཁྱམས།དེ་རྗེས་རྒྱལ་རོང་ས་ཆའི་མི་རྣམས་ཀྱིས་མི་དྲེད་དང་།མི་རྒོད།བྲག་སྲིན་སོགས་ཀྱིས་འཚེ་བར་མ་བཟོད་པར་ཨ་མྱེ་སྒོ་གདོང་གི་ཨ་མར་རེ་ཞུ་བྱས་ཏེ་ཨ་མ་རི་མགོར་ཨ་མྱེ་སྒོ་གདོང་འབོད་དུ་མངགས།ཨ་མས་ཨ་མྱེ་སྒོ་གདོང་གི་བྱིས་མིང་ལྷ་དབང་ནོར་བུ་སྟོབས་ལྡན་ནས་བོས་པས་ཅུང་མ་འགོར་བར་ནགས་གསེབ་ནས་གཟུགས་སྟོབས་རབ་ཏུ་ཆེ་ཞིང་སྐུ་ལུས་ལ་རྩལ་སྟོབས་ལྷག་ཏུ་རྒྱས་པ་ལུས་ཀྱི་བ་སྤུ་སྔར་ལས་རིང་བ་ཞིག་ཕེབས་པའི་ཤུགས་སྟོབས་ཀྱི་རླུང་སྒྲ་འུར་འུར་ལྡང་བ་རི་དྭགས་དང་གཅན་གཟན་གདུག་པ་ཅན་མང་པོ་བསད་པས་ཁོང་གི་སོ་བར་དུ་བ་སྤུ་སོགས་འཚང་བའི་བ་སྤུ་སོགས་ཀྱང་སྤར་གང་རེ་ཡོད་པ་ཞིག་ཡོང་ནས་ཨ་མ་ལ་དོན་ཆེན་དྲིས།ཨ་མས་བུ་ལ་ཕ་ཡུལ་མི་རྣམས་གཅན་གཟན་དང་བྲག་སྲིན་གདུག་པ་ཅན་རྣམས་ཀྱིས་འཚེ་བའི་སྡུག་བསྔལ་ཞུས་རྗེས།བུས་ཁྱོད་ཡུལ་དུ་ལོག་སྟེ་ཐུག་ཟངས་བཅུ་གསུམ་ནང་དུ་ཐུག་པ་སྐོལ།གོ་རེ་བཅའ་སའི་ལྕགས་ལེབ་གཅིག་ལྕགས་ཀུག་གཅིག་ཕག་ཤ་བུབས་བཅུ་གསུམ།ཕག་ཚིམ་སྦུབས་བཅུ།ཟ་ཐུར་བཞི་བཅས་གྲ་སྒྲིག་བྱོར་ཞེས་སོགས་ནམ་ཡོང་གི་དུས་ཚོད་སོགས་གཏན་ཁེལ་བྱས་རྗེས་ཨ་མ་ཡུལ་དུ་ལོག་སྟེ་དེ་བཞིན་གྲ་སྒྲིག་བྱས་རྗེས་དུས་ཚོད་ལྟར་ཨ་མྱེ་སྒོ་གདོང་ཡུལ་དུ་ལོག་ནས་སྐད་ཅིག་ཙམ་གྱི་རིང་ལ་ཐུག་ཟངས་བཅུ་གསུམ་ནང་དུ་བསྐོལ་ཡོད་པ་དེ་བཏུང་སྟེ་ཕག་ཤ་དང་ཕག་ཚིག་སོགས་ལུས་ལ་བཏགས་ནས་རྒྱལ་རོང་སྟོད་སྨད་བར་གསུམ་ཉུལ་ནས་གཅན་གཟན་གདུག་པ་ཅན་མི་རྒོད་དང་བྲག་སྲིན་སོགས་ཕ་རོལ་དགྲ་ཚོགས་མང་པོ་འཆམ་ལ་ཕབ་སྟེ་མི་མིན་དང་བྲག་སྲིན་གཅན་གཟན་གདུག་པའི་འཐབ་རྩོད་ཀྱི་འདུ་ལོང་གཡོ་སའི་ཤར་རོང་ཆེན་ས་ཆར་ཞི་བདེའི་གནས་མཆོག་འབའ་ཞིག་ཏུ་བསྒྱུར།གོང་གི་ཟ་ཐུར་སོགས་ཀྱང་ཉེ་བའི་དུས་སྐབས་སུ་རྒྱལ་རོང་གི་མི་རྣམས་ཀྱིས་ལོ་སར་སྐབས་སུ་ཨ་མྱེ་སྒོ་གདོང་དྲན་གསོའི་ཚུལ་དུ་བཞེངས་སྲོལ་ཡོད་ལ།རིང་ཐུང་ལ་འདོམ་པ་གཉིས་ཙམ་ཡོད་པའི་ཟ་ཐུར་རིང་བོ་ཞིག་ཡིན། ཨ་མྱེ་སྒོ་གདོང་གིས་གསོལ་མཆོད་བྱེད་སའི་བསྟན་སྲུང་ནི་དམུ་བདུད་འབྱམ་པ་ཁྲག་མགོ་ཡིན་ལ་ཁོང་གིས་དམུ་བདུད་བསྟན་སྲུང་དུ་བཀུར་ནས་ནམ་རྒྱུན་དེ་ལ་གསོལ་མཆོད་བྱས་པས།དམུ་བདུད་འབྱམ་པ་ཁྲག་མགོ་བྱ་སྐྱུང་ཀ་ཞིག་ཏུ་སྤྲུལ་ནས་མ་འོངས་རྒྱལ་རོང་ས་ཆའི་འཚེ་བ་སྔོན་འགོག་ཕྱིར་དུ་རྒྱལ་རོང་ས་ཆར་རྒྱལ་རོང་གནས་འགོ་སྐྱུང་ཀའི་མཁར་བརྩིགས་དང་བྲག་སྟེང་སྐྱུང་ཀའི་མཁར་བརྩིགས་ཉ་ཀའི་མཁར་བརྩིགས་སོགས་རྒྱལ་རོང་གི་ཡུལ་ལུང་མང་པོར་བཞེངས་ཤིང་དེ་ཡང་མཁར་ཡང་ཞི་རྒྱས་དབང་དྲག་གི་ཚུལ་དུ་བཞེངས་ཤིང་།ནང་དུ་དགྲ་བླའི་གོ་ཆ་སྣ་དགུ་དང་སྟེང་དུ་སྲིད་པའི་དར་ཆེན་སོགས་ཕྱར་སྲོལ་ཡོད།དེ་ཡང་ཨ་མྱེ་སྒོ་གདོང་སྐུ་གཤེགས་ཚུལ་ཡང་འདི་ལྟར་རྒྱལ་རོང་བའི་ས་ཆ་ཞི་བདེའི་མི་ཡུལ་ཞིག་ཏུ་བསྒྱུར་རྗེས་སྐད་ཅིག་ཉིད་ལ་ཕུང་པོ་ལྷག་པར་མེད་པར་ལྷག་མེད་དགྲ་བཅོམ་པའི་རྒྱལ་ས་བརྙེས།བཤད་རྒྱུན་དུ་ཨ་མྱེ་སྒོ་གདོང་མི་ལོ380བཞུགས་ཟེར།ཕྱིས་སུ་ཡང་རྒྱལ་རོང་པས་བཀའ་དྲིན་ཅན་གྱི་ཨ་མྱེ་འདི་མི་བརྗེད་པར་དྲན་གསོའི་ཚུལ་དུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱིས་བོད་ཟླ11པའི་ཚེས1ཉིན་ནས་བཅུ་གསུམ་བར་དུ་ལོ་སར་གྱི་གྲ་སྒྲིག་ཏུ་ཁང་མགོའི་ལ་བཙན་མན་ཆད་དང་སྒོ་ཁའི་སྒོ་རུ་ཡན་ཆད་ལ་རྩི་བྱུགས་པ་སོགས་གད་དར་བྱེད་སྲོལ་ཡོད།དེ་མིན་ལོ་སར་སྐབས་སུའང་ཨ་མྱེ་སྒོ་གདོང་ལ་ལོ་སར་དུ་གོ་རེ་སོགས་བྱ་མགོ་ལུག་མགོ་སོགས་ལོ་སྐོར་བཅུ་གཉིས་ཀྱི་མགོ་བརྙན་སོགས་བཅའ་བའི་སྲོལ་ཡོད།བོད་ཟླ11པའི་ཚེས13ནས15བར་ཉིན་གསུམ་གྱི་རིང་ཨ་མྱེ་སྒོ་གདོང་གི་ལོ་སར་སྲོལ་ཆགས།ཚེས་བཅུ་གསུམ་ཉིན་ཡུལ་མི་དག་གིས་བསང་ཕུད་དེ་ཐོག་མར་དུང་དཀར་གསུམ་འབུད་སྲོལ་ཡོད།དེ་ནས་ཨ་མྱེ་སྒོ་གདོང་ལ་བསང་འབོད་བྱས་རྗེས་གནས་ཆེན་དམུ་རྡོ་སོགས་ལ་འབོད་སྲོལ་ཡོད།དེ་ཡང་བཤད་སྲོལ་ཞིག་ལ་ཨ་མྱེ་སྒོ་གདོང་སྐུ་གཤེགས་ཁར་ཁྱེད་ཅག་ལ་དཀའ་ཁག་འདྲ་ཡོད་ན་དུང་དཀར་འབུད་ནས་བདག་ལ་བོས་དང་ང་ཡིས་སྡོང་གྲོགས་བྱ་ཞེས་པས།རྗེས་སུ་རྒྱལ་རོང་བས་བསང་ཕུད་དུས་དུང་འབུད་པ་སོགས་ཀྱི་སྲོལ་ཆགས་པ་ཞིག་ཡིན།ལོ་སར་དུ་སྣོད་ཁ་རྣམས་སུ་ཐུག་པ་སོགས་འདྲ་མིན་བསྐོལ་ཏེ་བསྟན་ནས།སྒོ་མི་གཏད་པར་ཨ་མྱེ་སྒོ་གདོང་ལོ་སར་ལ་ཡོང་ནི་རེད་ཅེས་ཡུལ་མི་དག་གིས་ཀྱང་ལྟོ་བ་རྒྱག་ཚད་ཅིག་མ་འཐུང་མ་བཟས་ན་ཨ་མྱེ་སྒོ་གདོང་གིས་རྒྱ་ཁར་ཚད་ནི་རེད་ཅེས་གང་ལྟར་རྒྱལ་རོང་པར་མཚོན་ན་ཨ་མྱེ་གདོང་གི་གཞལ་མཐའ་བྲལ་བའི་བཀའ་དྲིན་ནི་འདི་ལྟར་མི་རབས་ནས་མི་རབས་མང་པོ་འདས་ཀྱང་རྒྱལ་རོང་བའི་རྒན་དར་གཞོན་གསུམ་དང་རྒྱལ་རོང་བའི་ས་འབུར་གཞོང་གསུམ་གང་དུ་ཡང་ཨ་མྱེ་སྒོ་གདོང་གི་བཀའ་དྲིན་ལས་བྱམས་བརྩེ་དྲོད་རླངས་གཏན་ནས་ཡལ་མ་ཐུབ་པར་དུས་ད་ལྟའི་བར་དུ་གནས།ལྷག་པར་དེང་དུས་རྒྱལ་རོང་བའི་ས་ཆར་སྣོད་བཅའ་ལག་སོགས་རིགས་མ་བསྟན་པར་རྐྱང་རྐྱང་མཐོང་རྒྱུ་ཡོད་ལ།དེ་དག་ཀྱང་ཨ་མྱེ་སྒོ་གདོང་གི་ལྷམ་སོགས་ལ་དཔེ་བྱས་ཏེ་བཟོས་པ་དང་།ཨ་མྱེ་སྒོ་གདོང་གི་གོ་ཐེའུ་རྒྱག་བྱེད་སོགས་ཨ་མྱེ་སྒོ་གདོང་གི་རིང་གི་ལི་དང་གསེར་དངུལ་རྫ་སོགས་ཀྱིས་བཞེངས་པའི་ཡོ་བྱད་གྱོ་ནོམ་པ་ཞིག་བདག་གིས་ལོ་འདི་འགར་བཙལ་འཚོལ་དང་ཉོ་བསྡུ་བྱས་ཏེ་གནས་འགོ་དགོན་དངོས་རྫས་སྲུང་སྐྱོབ་ཀྱི་གྲས་སུ་བཞག་པ་དང་མ་འོངས་པར་དེའི་སྐོར་གྱི་རིག་གནས་དང་འབྲེལ་ཏེ་ལོ་རྒྱུས་ཀྱི་དཔེ་དེབ་ཅིག་པར་བསྐྲུན་བྱ་རྩིས་ཡོད།།
 

ཨ་མྱེ་སྒོ་གདོང་གི་གཏམ་རྒྱུད།
ཨ་མྱེ་སྒོ་གདོང་གི་ལྷམ་ལ་དཔེ་བྱས་པའི་ལི་ཆས།
 


 

  • ལེ་ཚན་སྔོན་མ།:མི་ཉག་གི་རི་ཀླུང་དང་འབྲེལ་བའི་གཏམ་རྒྱུད་ཁག་གཉིས།
  • ལེ་ཚན་རྗེས་མ།:རོགས་འགྲོགས་པའི་གླུ།