མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པ་འཛུགས་པའི་ཚོགས་འདུ་སྐུ་འབུམ་བྱམས་པ་གླིང་དུ་བསྡུས་པ།

    མཚོ་སྔོན་པོ་དྲ་བ།    2013-03-06

མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པ་འཛུགས་པའི་ཚོགས་འདུ་སྐུ་འབུམ་བྱམས་པ་གླིང་དུ་བསྡུས་པ།
མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པ་འཛུགས་པའི་ཚོགས་འདུའི་ཡུལ་དངོས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ3པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པ་འཛུགས་པའི་ཚོགས་འདུའམ་བོད་ཀྱི་ཡིག་རྙིང་ཞིབ་འཇུག་གླེང་སྟེགས་སྐབས་དང་པོ་སྐུ་འབུམ་བྱམས་པ་གླིང་གི་མཚོ་སྔོན་བོད་ཀྱི་རིག་གནས་ཁང་དུ་བསྡུས། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་དཔེ་རྙིང་གི་ལས་ཀ་གཉེར་བའི་ཁོངས་གཏོགས་དང་། སློབ་ཆེན་དང་སྤྱི་ཚོགས་ཚན་རིག་ལས་ཁུངས་ཀྱི་དཔེ་རྙིང་ཞིབ་འཇུག་སྡེ་ཁག དཔེ་རྙིང་བསྡུ་ཉར་བྱེད་པའི་དགོན་སྡེ་གཙོ་བོ། དེ་མིན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་སོགས་ཚོགས་འདུར་ཞུགས།

    ཚོགས་འདུའི་སྟེང«མཚོ་སྔོན་ཞིང་ཆེན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་སྒྲིག་ཡིག»ལ་ཆོག་མཆན་ཐོབ་པ་དང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་བདམས་ཐོན་བྱུང་། ཚོགས་ཐོག་ཏུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ཡིག་རྙིང་ལེགས་སྒྲིག་ཞིབ་འཇུག་ཁང་དང་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཀྱིས་ཤིས་ཚིག་ཕུལ་ཞིང་རེ་བ་བཏོན།

    རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ཡིག་རྙིང་ལེགས་སྒྲིག་ཞིབ་འཇུག་ཁང་གི་ཀྲུའུ་རིན་ལི་ཏུང་ཧྲིན་ལགས་ཀྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པ་འཛུགས་པའི་ཚོགས་འདུ་རྒྱལ་ཁའི་ངང་བསྡུས་པ་འདི་ནི་གྲངས་ཉུང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། མི་རིགས་རིག་གནས་ཀྱི་གོང་སྤེལ་ལ་སྐུལ་འདེད་བྱེད་པར་མཚོན་ན་ཁ་ཚ་དགོས་གཏུག་ཏུ་གྱུར་འདུག་ཅིང་། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ཡིག་རྙིང་བྱ་གཞག་ཁྲོད་ཀྱི་དགའ་འོས་པའི་དོན་བཟང་ཞིག་ཀྱང་རེད་ཟེར།

    འདས་ཟིན་པའི་བགྲང་བྱ་ཉི་ཤུའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་དང་རིམ་པ་སོ་སོའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་བོད་ཀྱི་ཡིག་རྙིང་མྱུར་སྐྱོབ་དང་སྲུང་སྐྱོབ། འཚོལ་བསྡུ། ལེགས་སྒྲིག དཔེ་སྐྲུན་བྱེད་པར་བརྩོན་པ་ཆེན་པོ་བསྐྱེད་ཅིང་། ཡིག་རྙིང་གི་བྱ་གཞག་གོང་སྤེལ་དང་སྲུང་སྐྱོབ་བྱེད་པར་གྲུབ་འབྲས་ཀྱང་མི་དམན་པ་བླངས། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པ་བཙུགས་པ་འདིས་མཚོ་སྔོན་གྱི་ཡིག་རྙིང་བྱ་གཞག་གོང་སྤེལ་ལ་ནུས་པ་གལ་ཆེན་ཐོན་པ་དང་། བོད་རིག་པའི་ཞིབ་འཇུག་ལ་ལོ་རྒྱུས་ཡིག་ཆ་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱེད་ཐུབ་པའི་ཁར། མི་རིགས་ཀྱི་རིག་གནས་དར་སྤེལ་བྱེད་པར་དགེ་མཚན་བླ་ན་མེད་པ་འདོན་སྤེལ་བྱེད་ཐུབ།

    ཉིན་དེའི་ཕྱི་དྲོར་བསྡུས་པའི་བོད་ཀྱི་ཡིག་རྙིང་གླེང་སྟེགས་སྟེང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བདེ་མཆོག་ལགས་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་ལོ་རྒྱུས་རིག་པ་སྨྲ་བ་སྐལ་བཟང་ཡེ་ཤེས་ལགས། ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཆེན་མོ་བཀྲ་ཤིས་ཚེ་རིང་སོགས་ཀྱིས་བོད་ཡིག་དཔེ་རྙིང་ཁྲོད་ཆག་སྐྱོན་བྱུང་བའི་ཤོག་བུ་བསྐྱར་གསོ་བྱེད་པའི་ལག་རྩལ་དང་། རྒྱའི་བསྟན་བཅོས་ཁྲོད་ཀྱི་བོད་ཀྱི་ལོ་རྒྱུས། བོད་ཀྱི་ཡིག་རྙིང་དཔེ་སྐྲུན་བྱེད་པའི་གནས་བབ། དུས་རབས་བར་མའི་ཡིག་རྙིང་བྲིས་མའི་སྔོག་འདོན། བོད་ཀྱི་ཡིག་རྙིང་མྱུར་སྐྱོབ་བྱེད་པའི་བྱེད་ཐབས་སོགས་ཀྱི་གནད་དོན་ལ་རྩད་སྡུར་རྒྱ་ཆེན་པོ་བྱས་ནས་གནད་དུ་འཐིངས་པའི་ལྟ་བ་བརྗོད།

    ཚོགས་འདུའི་སྐབས་སུ་ཞིབ་འཇུག་ཚོགས་པ་བཙུགས་པ་ལ་རྟེན་འབྲེལ་ཞུ་བའི་བོད་ཡིག་གི་ཡིག་གཟུགས་བརྩམས་ཆོས་བདུན་ཅུ་ལྷག་འགྲེམ་སྟོན་བྱས།


 

  • ལེ་ཚན་སྔོན་མ།:བོད་ཆཱང་དབྱི་གསུམ་མི་རིགས་ཀྱི་རིག་གནས་ཐོན་ལས་ཀྱིས་ཀན་སུའུ་བོད་ཁུལ་ལ་ཕན་བཏགས་པ།
  • ལེ་ཚན་རྗེས་མ།:སློབ་གསོ་པུས་རྒྱུགས་སྤྲོད་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།