སློབ་གསོ་པུས་རྒྱུགས་སྤྲོད་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    བོད་ལྗོངས་གསར་འགྱུར་དྲ་བ།    2013-03-06

ཉིན་ཤས་གོང《2013ལོའི་སློབ་གསོའི་ཁོངས་གཏོགས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སློབ་གསོ་པུའི་བསམ་འཆར》ཁྱབ་བསྒྲགས་བྱས་ཤིང་།《བསམ་འཆར》ནང་རྒྱུགས་སྤྲོད་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་མཐོ་རྒྱུགས་སྒྱུར་བཅོས་གཏོང་བའི་སྤྱིའི་དམིགས་ཚད་དང་གཞི་རྩའི་སྒྲོམ་གཞི་ཞིབ་བཟོ་བྱ་རྒྱུ་ཡིན་པ་རེད།

《བསམ་འཆར》གཞིར་བཟུང་།གོམ་སྟབས་རྗེས་མར་རང་རྒྱལ་གྱིས་དངོས་གཞིའི་ཚན་ཁག་དཀྱུས་མ་དང་མཐོ་རིམ་ལས་རིགས་སློབ་གསོའི་རིགས་དབྱེའི་རྒྱུགས་སྤྲོད་ལ་སྐུལ་འདེད་གཏོང་རྒྱུ་དང་། གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་མཁན་ཞིང་པ་ལས་མིའི་བུ་ཕྲུག་གིས་འོས་འགན་སློབ་གསོ་དང་ལེན་བྱས་རྗེས་ས་ཆ་དེ་གར་སློབ་རིམ་འཕར་བའི་རྒྱུགས་སྤྲོད་ནང་ཞུགས་འཐུས་ཀྱི་ས་གནས་ཁག་གི་ཇུས་གཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། མཐོ་རིམ་སློབ་འབྲིང་སློབ་མའི་ཆུ་ཚད་རྒྱུགས་སྤྲོད་དང་དེ་བཞིན་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་གི་སྒྱུར་བཅོས་ཚོད་ལྟ་ཡག་པོ་བསྒྲུབ་རྒྱུ། མཐོ་སློབ་ཀྱི་རང་མོས་འདེམས་སྒྲུག་སློབ་བསྡུའི་སྒྱུར་བཅོས་ཚད་ལྟ་གཏིང་ཟབ་ཏུ་གཏོང་རྒྱུ། མཐོ་སློབ་སློབ་བསྡུའི་རྒྱུགས་སྤྲོད་ཕྱོགས་བསྡུས་གདེང་འཇོག་གི་སྒྱུར་བཅོས་ཚོད་ལྟ་འཐུས་ཚང་དུ་གཏོང་རྒྱུ། མཐོ་རྒྱུགས་ཀྱི་དབྱིན་སྐད་སློབ་ཚན་ལོ་གཅིག་ནང་རྒྱུགས་སྤྲོད་ཐེངས་མང་བྱེད་ཆོག་པའི་ལག་བསྟར་བྱ་ཐབས་ཞིབ་འཇུག་བྱས་ནས་འདོན་རྒྱུ། མཐོ་སློབ་དཀྱུས་མའི་སློབ་བསྡུའི་འཆར་གཞི་དེ་དབུས་ནུབ་རྒྱུད་ཀྱི་མི་རིགས་ས་ཁུལ་དང་ས་ཁུལ་དབུལ་པོར་ཕྱོགས་ཤུགས་ཆེ་རུ་གཏོང་རྒྱུ། ཁ་ཕྱོགས་གཏན་འཁེལ་གྱི་རྒྱལ་ཁབ་དབུལ་སྐྱོར་སློབ་བསྡུའི་ཆེད་དོན་འཆར་གཞི་ལག་བསྟར་ཡག་པོ་བྱ་རྒྱུ། ཞིབ་འཇུག་སློབ་མ་བསྡུ་བའི་སྒྱུར་བཅོས་ཚོད་ལྟར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། མཐོ་རིམ་སློབ་འབྲིང་དཀྱུས་མའི་རྒྱུགས་སྤྲོད་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ། མཐོ་རྒྱུགས་སྐར་སྣོན་སྲིད་ཇུས་ལེགས་སྒྲིག་དང་ཚད་ལྡན་དུ་བཏང་ནས་སྒྱུ་རྩལ་དང་ལུས་རྩལ་རིགས་སོགས་དམིགས་བསལ་རིགས་ཀྱི་སློབ་བསྡུ་དང་རང་མོས་སློབ་བསྡུའི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་བཅས་རེད།

《བསམ་འཆར》ནང་སློབ་ཚན་གྱི་ནང་དོན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་ཆུང་དང་། སློབ་འབྲིང་། སློབ་ཆེན་བཅས་ཀྱི་རྒྱ་ཡིག་དང་ལོ་རྒྱུས་སློབ་ཚན་སྤྱི་ཡོངས་ཀྱི་ཇུས་འགོད་དང་བཟོ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་ཆབས་ཅིག་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཐབས་ལམ་འཚོལ་ཞིབ་དང་གསར་གཏོད་བྱེད་དགོས། མཐོ་རིམ་སློབ་འབྲིང་གི་སློབ་གཉེར་རྣམ་པ་སྣ་མང་ཅན་གྱི་ཚོད་ལྟ་གཏིང་ཟབ་ཏུ་བཏང་སྟེ་སློབ་འབྲིང་དང་སློབ་ཆུང་དང་མཐོ་སློབ་ཚན་ཞིབ་ཁང་དབར་མཉམ་ལས་བྱས་ནས་ཤེས་ལྡན་མི་སྣའི་གསོ་སྐྱོང་ཚོད་ལྟ་བྱེད་དགོས། མཐོ་སློབ་ཀྱི་རྩེར་སོན་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཞིབ་འཇུག་སློབ་མའི་སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་སྒོ་ཀུན་ནས་འགོ་འཛུགས་པ་དང་། ལས་རིགས་སློབ་གསོའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་འཐུས་ཚང་དུ་བཏང་ནས་གྲོང་གསེབ་ལ་ཕན་པའི་ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ“ཞིང་གསུམ”ལ་ཞབས་འདེགས་ཞུ་བ་དང་། ཞིང་པ་གསར་པ་དང་ལས་རིགས་ཞིང་པ་གསོ་སྐྱོང་བྱེད་པ། ལས་རིགས་སློབ་གསོའི་རིམ་པའི་གྲུབ་ཆ་འཐུས་ཚང་དུ་བཏང་སྟེ་རྣམ་པ་སྣ་ཚོགས་ཀྱི་མཐོ་རིམ་འབྲིང་རིམ་ལས་རིགས་འབྲེལ་མཐུད་ལམ་ལུགས་འཛུགས་པ་བཅས་བྱེད་དགོས། སློབ་སྦྱོང་སྦྱངས་འབྲས་ངོས་འཛིན་སོགས་འབྲེལ་ཡོད་ལམ་ལུགས་བཟོ་དགོས་པ་འཁོད་ཡོད།  །

 
0
  • ལེ་ཚན་སྔོན་མ།:མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པ་འཛུགས་པའི་ཚོགས་འདུ་སྐུ་འབུམ་བྱམས་པ་གླིང་དུ་བསྡུས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཧྲང་ཧེ་འཐུས
  • དོ་སྣང་ཆེ་བའི་རྩོམ།