དཀར་མཛེས་ཁུལ་སྐབས་བཅུ་པའི་ཚང་འཛོམས༼རྒྱས་འཛོམས།༽གྲོས་ཚོགས་ཐེངས་གསུམ་པ་དར་མདོར་འཚོགས།

ཡེ་ཤེས་མགོན་པོ།        2012-06-30

ཟླ་བ6པའི་ཚེས29ཉིན་དཀར་མཛེས་ཁུལ་སྐབས་བཅུ་པའི་ཚང་འཛོམས༼རྒྱས་འཛོམས།༽གྲོས་ཚོགས་ཐེངས་གསུམ་པ་དར་མདོར་འཚོགས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་གསུང་བཤད་གལ་ཆེན་གནང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཡེ་ཤེས་ཟླ་བས་གྲོས་ཚོགས་ཀྱི་གཙོ་འགན་བཞེས།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཕིང་གིས《དཀར་མཛེས་ཁུལ་ཨུའི་ཁུལ་ཡོངས་ཀྱི་ནུས་ཤུགས་བཏོན་ནས་མང་ཚོགས་ལས་དོན་ཁུལ་ཡོངས་སུ་ཁེབས་པ་བྱ་རྒྱུ་སྐོར་གྱི་བསམ་འཆར(གྲོས་བསྡུར་ཡི་གེ།)》དང་དེ་བཞིན་དུ་བྱེད་སྒོ་ཆེན་པོ་དྲུག་གི་ལག་བསྟར་འཆར་གཞི་ལེགས་བཅོས་བྱས་པར་གསལ་བཤད་གནང་།ཁུལ་ཨུའི་རྒྱུན་ཨུ།རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲེན་ཀྲུང་དབྱི་ཡིས《དཀར་མཛེས་ཁུལ་ཨུའི་སྔོན་ཐོན་གསར་སྐྲུན་དང་ཕུལ་བྱུང་བརྩོན་ལེན་བྱེད་སྒོའི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་གཟེངས་བསྟོད་བྱ་རྒྱུ་སྐོར་གྱི་ཆོད་དོན》དང《དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་ཡོངས་ཀྱི་མང་ཚོགས་ལས་ཀ་དང་།འཐབ་ཕྱོགས་གཅིག་གྱུར་ལས་ཀའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུ་སྐོར་གྱི་ཆོད་དོན》དྲིལ་བསྒྲགས་བྱས་པ་རེད།གྲོས་ཚོགས་ཀྱིས《ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཁུལ་ཡོངས་ཀྱི་སེམས་ཤུགས་གཅིག་ཏུ་བསྒྲིམས་ནས་མང་ཚོགས་ལས་ཀ་ཁུལ་ཡོངས་སུ་ཁྱབ་པ་བྱ་རྒྱུའི་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་བ་རེད།ཐེངས་འདིའི་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་སི་ཁྲོན་ཞིང་ཆེན་དང་རང་སྐྱོང་ཁུལ་གྱི་ཐེངས་བཅུ་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙིང་དོན་ལག་ལེན་དོན་འཁྱོལ་བྱས་ཏེ་གནས་བབ་གསར་པའི་འོག་གི་མང་ཚོགས་ལས་ཀར་ཞིབ་འཇུག་བཀོད་སྒྲིག་བྱས་པར་བརྟེན།ཁུལ་ཡོངས་ཀྱི་ཏང་སྲིད་དང་།དམག་ཁུལ།ཁེ་ལས་དང་དོན་ལས་སྡེ་ཚན་གྱི་ལས་བྱེད་པ་དང་ལས་བཟོ་ཚོས་སེམས་གཏད་བློ་གཏད།སེམས་ཤུགས་གང་ཡོད་ཀྱིས་རང་འགན་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་ལས་ཀ་ཁུལ་ཡོངས་སུ་ཁྱབ་པར་སྐུལ་སྤེལ་བྱ་རྒྱུ་དེ་རེད།ཚོགས་ཆེན་ཐོག་ཁུལ་ཨུའི་ཧྲུའུ་ཅིས་གསུང་བཤད་གནང་ཡོད།(ནང་དོན་ཡོངས་རྫོགས་གཞན་དུ་འགོད་རྒྱུ་ཡིན།)ཁོང་གིས་གསུངས་རྒྱུར།མི་དམངས་མང་ཚོགས་ནི་ང་ཚོའི་ཏང་གི་ནུས་ཤུགས་ཀྱི་འབྱུང་ཁུངས་དང་།རྒྱལ་ཁ་ལེན་སའི་རྩ་བ་དང་སྲིད་སྐྱོང་བྱེད་སའི་རྨང་གཞི་ཡིན་པར་བརྟེན།མང་ཚོགས་ལས་ཀ་ནི་ང་ཚོའི་ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་ཕུལ་བྱུང་གི་སྲོལ་རྒྱུན།སྲིད་དབང་འཛིན་རྒྱུའི་འཇོན་ནུས་ཡིན་པ་རེད།ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་རྒྱུར།ང་ཚོའི་ཏང་གི་ལོ་རྒྱུས་ནི་མང་ཚོགས་ལས་ཀ་བསྒྲུབས་པའི་ལོ་རྒྱུས་ཡིན་ལ།ཀྲུང་གོ་གསར་བརྗེའི་རྒྱལ་ཁ་ནི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱས་པའི་རྒྱལ་ཁ་ཞིག་ཀྱང་ཡིན་པ་རེད།ཧུའུ་ཁྲང་ཧྲེང་གིས་གསུངས་རྒྱུར།དཀར་མཛེས་ཁུལ་གྱི་ལོ་རྒྱུས་ལ་ཕྱི་མིག་བལྟས་དུས།བཅིངས་འགྲོལ་བཏང་ནས་དུས་སྐབས་རིམ་བྱུང་གི་ནང་མང་ཚོགས་ལས་དོན་རབ་དང་རིམ་པ་བསྒྲུབས་ནས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་སྤྱི་ཚོགས་ཡར་རྒྱས་ལ་སྐུལ་སྤེལ་བྱས་པའི་ཐོག་སླར་ཡང་ར་སྤྲོད་བྱུང་རྒྱུར།མང་ཚོགས་ལས་ཀ་ནི་ང་ཚོས་ནུས་ལྡན་གྱིས་འགལ་ཟླ་ཞི་འཇགས་གཏོང་བ་དང་གནད་དོན་ཐག་གཅོད།དཀའ་ངལ་སེལ་སའི་རྩ་བའི་གནད་དོན་ཡིན་མོད།འོན་ཀྱང་།ད་ལྟའི་བར་དུ་སླེབས་སྐབས་ང་ཚོའི་ལས་བྱེད་པ་ཁ་ཤས་ལ་སྔར་བཞིན་གནས་བབ་དང་ལས་འགན་གསར་པར་མི་མཐུན་ས་ཡོད་པ་རེད།མཚོན་ཚུལ་གཙོ་བོ་ནི་ལས་བྱེད་པ་ཁ་ཤས་གཞི་རིམ་དུ་ཕྱིན་ནས་མང་ཚོགས་ཀྱི་བསམ་ཚུལ་དང་དཀའ་ངལ་ཤེས་འདོད་མེད་པར།དཔོན་ངོ་སྲུང་ནས་གོ་གནས་ཐོབ་ཐབས་དང་།ཟ་གྲལ་བསྒྲིགས་ནས་འབྲེལ་བ་འཛུགས་རྒྱུ།ཤོག་ཁག་ཆུང་ཆུང་གི་འབྲེལ་བ་འཛུགས་རྒྱུ་བཅས་ལ་དགའ་བ།ལས་བྱེད་པ་ཁ་ཤས་ཀྱིས་མང་ཚོགས་དང་བྲལ་བ།ཧམ་པ་རང་ཆེ་བྱས་པ།གནད་དོན་དང་འཕྲད་དུས་རང་སྐྱོན་རང་བརྟག་མི་བྱེད་པ་དང་།རང་འགུལ་གྱིས་མི་དམངས་ཀྱི་དཀའ་ངལ་སེལ་རོགས་མི་བྱེད་པར།ད་དུང་ཡིན་སྣང་ཤར་བ་དང་ཚོར་སྣང་ཡག་པོ་འཛིན་པ་རེད།བསམ་པའི་ནང་མང་ཚོགས་ལ་རྒྱུ་མཚན་མེད་པ་དང་རང་ཡང་དག་པ་ཡིན་སྣང་ཤར་བ་རེད།ལས་བྱེད་པ་ཁ་ཤས་ཀྱིས་མང་ཚོགས་ལ་མཐོང་ཆུང་དང་།སྐད་ཆ་རྫིག་པོ་དང་དཔོན་གཏམ་བཤད།དཔོན་ཉམས་སྟོན་པ།རང་ཉིད་མ་གཏོགས་མི་མིན་བསམ་པས་མ་ཚད།དམངས་སེམས་རྒྱབ་ཏུ་བསྐྱུར།གནས་ཚུལ་བཤད་ལམ་བཀགབསམ་ཚུལ་རྩིས་མེད་གཏོང་།མང་འཚོ་ལ་སྣང་མེད་བྱས་པ་རེད།ལས་བྱེད་པ་ཁ་ཤས་མང་ཚོགས་ལ་སྐྲག་གིན་ཡོད་ཅིང་།མང་ཚོགས་དང་མཉམ་དུ་རྐུབ་སྟེགས་གཅིག་གི་ཐོག་འདུག་འདོད་མེད་པས།ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་ལམ་རིམ་བཞིན་གཅོད་པ་རེད། ལས་བྱེད་པ་ཁ་ཤས་ལ་གདིང་ཤུགས་མི་འདང་བ།   ཉིན་མོར་མི་བྱེད།མཚན་མོར་འདྲེ་བྱེད།མངོན་སྲུང་ལྐོག་འགལ་བྱས་ནས་ཕུགས་བསམ་གྱི་ཡིད་ཆེས་བརྟན་པོ་མེད་པ།ལས་བྱེད་པ་ཁ་ཤས་མང་ཚོགས་ལས་དོན་སྒྲུབ་མཁས་པོ་མིན་པ།མི་སེར་དང་ཐུག་དུས་ཅི་བྱེད་འདི་བྱེད་མི་ཤེས་པ།ལས་སྟངས་ཐབས་ཆགབྱེད་ཐབས་ནུས་ལྡན་མེད་པ།སྣང་མེད་ཆད་ལུས་ཡོད་པས་མ་ཚད།མང་ཚོགས་ལས་དོན་ནི་དེ་བས་ཀྱང་སྒྲུབ་མི་ཤེས་པ་རེད།ལས་བྱེད་པ་ཁ་ཤས་ལ་མང་ཚོགས་ལས་དོན་གྱི་འདུ་ཤེས་ཞན་ཞིང་།གནད་དོན་མ་བུད་ན་མང་ཚོགས་ཁྲོད་དུ་གཏན་ནས་མི་འགྲོ་བ་དང་།གལ་སྲིད་གནད་དོན་བུད་ན་ཤི་ཁར་མ་󰝳་ཚ་འདོན་བྱེད།ལས་བྱེད་པ་ཤས་ཀྱིས་ཆོས་ལུགས་ལ་ངོས་ཡང་དག་པ་བྱེད་མི་ཤེས་པར་དགོན་པ་ནི་སྤྱི་ཚོགས་ཀྱི་རྩ་བའི་སྡེ་ཚན་དང་གྲྭ་བཙུན་ནི་རྩ་བའི་མང་ཚོགས་ཡིན་པ་དེ་གཏན་ནས་མི་ཤེས་པས།གྲྭ་བཙུན་དང་འབྲེལ་བ་བྱེད་རྒྱུར་སྐྲག་པ་རེད།ལས་བྱེད་པ་ཁ་ཤས་ཀྱིས་ངན་རུལ་མུན་ནགརྒྱུ་ཟ་ཁྲིམས་འགལ་བྱས་ཏེ་མང་ཚོགས་ཀྱི་བརྩེ་དུང་ལ་གནོད་འཚེ་གཏོང་བ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གྱོང་གུད་བཟོས་ནས་ལས་བྱེད་པ་དང་མང་ཚོགས་བློ་སེམས་རྒྱབ་འགལ་བྱས་མཐར།ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཧ་ཅང་ཚབས་ཆེན་བཟོས་ནས་མི་དམངས་མང་ཚོགས་ཀྱིས་སྡུག་སྐད་ལུང་པ་གང་རྒྱག་པ་རེད།
ཧུའུ་ཁྲང་ཧྲེང་གིས་མང་ཚོགས་ལས་ཀའི་དམིགས་ཡུལ་ནི་མི་རྩ་བར་འཛིན་རྒྱུ་དང་།དམངས་ཀྱི་དོན་དུ་དང་དམངས་ལ་ཁེ་ཕན་སྐྲུན་རྒྱུ་དེ་རེད།དེ་ནི་ཁ་བཤད་ཆུའི་ལྦུ་བ་ལྟར་ག་ལ་ཡིན།ང་ཚོའི་ལས་ཀ་དང་ལག་ལེན་གྱི་ཁྲོད་དུ་མི་དམངས་ལ་འགན་འཁུར་བ་དེ་མཚོན་པ་བྱེད་དགོས།ཧུའུ་ཁྲང་ཧྲེང་གིས་གསུངས་རྒྱུར།མང་ཚོགས་ལས་ཀ་ནི་ལོ་རྒྱུས་ཀྱིས་ང་ཚོར་སྤྲད་པའི་སྔར་ཡོད་མ་མྱོང་བའི་ལོ་རྒྱུས་ཀྱི་ལས་འགན་ཡིན་ལ།མི་དམངས་ཀྱིས་ང་ཚོར་སྤྲད་པའི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་སེམས་གཏིང་གི་རེ་འདུན་ཞིག་ཀྱང་ཡིན་པས།ང་ཚོས་བདེན་དོན་ཐད་ལ་ཕྱིར་བཤོལ་མི་ཉན་ལ།ཞུམ་མེད་མདུན་སྐྱོད།དཀའ་ངལ་དུ་མ་དང་འཕྲད་སྲིད་མོད་ང་ཚོས་གྲུ་འདེགས་གཡོར་སྐྱོད་དང་སྟོབས་ཤུགས་ཡོད་དགུ་འདོན་དགོས།
  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་ཤུགས་བཏོན་ནས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏང་དགོས།
  • ལེ་ཚན་རྗེས་མ།:ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྔོན་ཐོན་གསར་སྐྲུན་དང་ཕུལ་བྱུང་བརྩོན་ལེན་གྱི་བྱེད་སྒོ་ནང་གི་སྔོན་ཐོན་གྱི་
  • དོ་སྣང་ཆེ་བའི་རྩོམ།