གཡུང་དྲུང་བོན་གྱི་སྲིད་པའི་ལྟ་ཚུལ་སྐོར་མདོ་ཙམ་གླེང་བ།(1)

        2010-08-26

གཉིས། སྲིད་པའི་དབྱིངས་སམ་བར་སྣང་གི་ལྟ་ཚུལ།

      སྲིད་པ་ནི་གང་ནས་ཆགས་ཤིང་གང་ལ་གནས་པ། མཐའ་མར་གང་ལ་ཐིམ་པའི་གནས་ཐམས་ཅད་བར་སྣང་གི་དབྱིངས་འདི་ལས་མ་འདས་པས། འདི་ལ་ཡེ་ནས་མིའི་རིགས་ཀྱི་ཤེས་རྟོགས་རབ་རིབ་ནས་བྱུང་བའི་འགྲེལ་ལན་སྣ་ཚོགས་ཤིག་ཡོད་པའམ་དེའི་རྨང་གཞིའི་སྟེང་ནས་བྱུང་བའི་གསོལ་མཆོད་ཀྱི་རིགས་དང་གྲུབ་མཐའ་ཡང་གདོན་བོན་སོགས་མང་དུ་བྱུང་བ་ཐམས་ཅད་ཀྱིས་མི་དང་མིའི་ཁོར་ཡུག་གི་སྲོག་ཆགས་དང་ས་རྡོ་རི་བྲག་ཉི་ཟླ་སྐར་གསུམ་ཐམས་ཅད་མགོ་ཐོག་གི་གནམ་སྔོན་པོ་འདིས་བཀོད་པ་དང་དབང་བསྒྱུར་བྱེད་ཅིང༌། གནམ་སྔོན་པོས་དུས་ནམ་ཡང་ཐམས་ཅད་མཁྱེན་པའི་སྤྱན་ཤེས་ཀྱིས་ཐུར་དུ་གཟིགས་ཡོད་པར་འདོད་པས་དེ་ལ་མཆོད་པའི་སྲོལ་སྣ་ཚོགས་བྱུང༌། གཡུང་དྲུང་བོན་གྱིས་དེ་ལས་ལྡོག་སྟེ་སྔོ་སང་ངེར་འདུག་པའི་ནམ་མཁའ་འདི་འདུས་མ་བྱས་ཡིན་པས་འདུ་ཤེས་དང་བྲལ་བའི་རྟག་པ་ཡིན་པར་འདོད་པ་སོགས་ཐོད་དུ་བརྒལ་བའི་ངོས་ཟིན་བྱུང་བ་ནི་སྟོན་པ་གཤེན་རབ་མི་བོས་གསུངས་པའི་མདོ་རྒྱུད་བཀའ་ལུང་དག་ན་མངོན་པར་མཚོན་ཡོད་དེ། འོ་ན་ད་ལྟའི་སྨྱུག་ཐོག་པ་འགའ་རེས་བོན་པོ་ལ“དམུ་ཐག”དང“དམུ་སྐས”སོགས་བཤད་ཚུལ་ཡོད་པ་ལ་བརྟེན་ནས་བོན་པོ་གནམ་ལ་དགའ་ཞེས་བྱུང་རྒྱལ་དུ་སྨྲ་བ་ནི་གཡུང་དྲུང་བོན་གྱི་གཞུང་ལ་གཟིགས་རྟོགས་ཀྱི་བུ་ག་ཕྲ་བའི་སྐྱོན་ནོ། །བོན་གྱི《ཨ་ཁྲིད》ཅེས་པ་ལས“ནམ་མཁའ་ལ་དངོས་པོ་དབྱིབས་ཁ་དོག་མཐའ་དབུས་ཕྱོགས་མཚམས་མཚན་ཉིད་ངོས་བཟུང་གང་དུ་ཡང་མ་གྲུབ་པས.....”ཞེས་དང༌། 《ས་ལམ་དོན་གསལ་རིན་ཆེན་སྒྲོན་མ》ལས། “དུས་གསུམ་དུ་སྟོང་བ་ནམ་མཁའ་ལྟ་བུའོ། །”“ནམ་མཁའ་ལ་སྨྲ་བརྗོད་ཀྱི་ཡུལ་མེད་པ་ལྟ་བུའོ། །”ཞེས་པའི་ཚིག་འདི་དག་གི་སྟེང་ནས་བོན་གྱིས་ནམ་མཁའ་ལ་རྨོངས་དད་བྱེད་མི་སྲིད་པ་ཡོངས་སུ་མཚོན་ནོ། །
      ཡང་མདོ་ལས། “སྣོད་བཅུད་འཇིག་རྟེན་མཐའ་ཡས་ལ། །ནམ་མཁའ་ཇི་བཞིན་ཐུགས་རྗེས་ཁྱབ། །”ཅེས་གསུངས་པ་ལྟར། སྲིད་པ་ནམ་མཁའི་དབྱིངས་འདི་ན་རང་རེ་མིའི་རིགས་འཚོ་བའི་འཇིག་རྟེན་འདིའི་མ་ཚད་འདི་དང་འདྲ་བའི་སྣོད་བཅུད་ཀྱི་འཇིག་རྟེན་བགྲང་ཡས་པ་ཞིག་ཡོད་པར་འདོད་དེ། 《མཛོད་འགྲེལ》ལས། “ཚང་རྒྱུང་གི་འཇིག་རྟེན་ཞེས་པ། ལྷ་ཚངས་པ་འབུམ་ཁྲིའི་འདོད་ཁམས་དང་ཁོར་ཡུག་ཆུང་བ་ཀུན་མཉམ་པ་སྟེ། དེ་ལ་ཡང་གླིང་བཅུ་གཉིས་དང༌། ཉི་ཟླ་ཟུང་རེ་དང། རོལ་མཚོ་ཆུ་བོ་དང༌། ལྷའི་འདོད་ཁམས་རེ་ཡོད་པའོ། །དེ་ལྟ་བུ་བཅུ་ཕྲག་སྟོང་ལ་སྟོང་སྤྱི་ཕུད་ཅེས་བྱའོ། །དེ་སྟོང་བར་གྱི་ཞེས་པ། སྤྱི་ཕུད་སྟོང་ཕྲག་སྟོང་ལ་སྟོང་གཉིས་བར་མའི་འཇིག་རྟེན་ནོ། །དེ་ཙམ་སྟོང་ལ་སྟོང་གསུམ་མོ་ཞེས་པ། ཚང་རྒྱུང་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་མཐར་ཐུག་ཅེས་བྱ་སྟེ། ཕྱིའི་ཁོར་ཡུག་ལ་ཐུག་པས་སོ། །”ཞེས་དང《ཀླུ་འབུམ》ལས། “འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་སྟེ། བསམ་པའི་ཚད་ལས་འདས། ”ཞེས་དང༌། མདོ་ལས། “མི་མཇེད་འཇིག་རྟེན་ཕར་འདས་ན། ངས་ཀྱང་སྟོན་པ་མི་བྱེད་དེ། འཇིག་རྟེན་གྱི་ཁམས་ཀྱང་བསམ་གྱིས་མི་ཁྱབ་སྟེ་གྲངས་མང་ངོ༌། །”ཞེས་སོ། །དེ་ལྟར་ནམ་མཁའ་ནི་ཇི་ལྟར་མཐའ་མེད་པ་དང་འཇིག་རྟེན་ཇི་ལྟར་བགྲང་ཡས་ཀྱང་དེ་དག་ཐམས་ཅད་སྐུ་གསུམ་གྱི་གདུལ་བྱར་མ་གྱུར་བའང་གཅིག་ཀྱང་མེད་པར་འདོད་དེ། “དེའང་ཚང་རྒྱུངས་ཉེར་ལྔ་བརྩེགས་མ་དང་བཞི་བཅུ་བཀྲམ་ནས་གནས་པའི་ཚང་རྒྱུངས་སྟོང་ལ་སྟོང་སྤྱི་ཕུད། སྤྱི་ཕུད་སྟོང་ལ་སྟོང་བར་མ། བར་མ་སྟོང་ལ་སྟོང་མཐར་ཐུག་གི་འཇིག་རྟེན་ཏེ་སྤྲུལ་སྐུ་གཅིག་གི་འདུལ་ཞིང་ངོ། །”{5}ཞེས་འབྱུང་བ་ལྟར་སྤྲུལ་སྐུ་གཅིག་གི་འདུལ་ཞིང་ནི་དེང་སྐབས་ཀྱི་སྨྲ་བ་ལྟར་ན་ཉི་མའི་ཁྱིམ་རྒྱུད་གྲངས་མེད་པ་ཞིག་སྟེ། རང་རེ་མིའི་རིགས་འཚོ་བའི་ཉི་མའི་ཁྱིམ་རྒྱུད་འདི་ན་ད་སྔའི་བར་དུ་ཚན་རིག་པ་དག་གིས་བརྟག་དཔྱད་བྱས་པ་ལྟར་ན་ཚེ་སྲོག་འཚོ་ཐུབ་པའི་སྐར་མ་ནི་སའི་གོ་ལ་འདི་ཙམ་ལས་མ་རྙེད་མོད། འོན་ཀྱང་མཐའ་ཡས་པའི་ནམ་མཁའི་ཁམས་འདི་ལས་ཚེ་སྲོག་འཚོ་བའི་མིའི་རིགས་ཀྱི་འཇིག་རྟེན་གཞན་མེད་པའང་སུས་ཀྱང་ཁེག་ཐག་དཀའ་ཞེས་ཚན་རིག་པ་དག་མགྲིན་གཅིག་ཏུ་སྨྲའོ། །དེ་ལྟར་གཡུང་དྲུང་བོན་རྣམས་ཀྱིས་ཕྱི་སྣོད་ཀྱི་འཇིག་རྟེན་ཇི་ལྟར་མཐའ་ཡས་པ་བཞིན་དུ་ནང་བཅུད་ཀྱི་སེམས་ཅན་ཀྱང་དེ་ལྟར་མཐའ་ཡས་པར་འདོད་དེ། 《ཕྱི་རྒྱུད》ལས། “ཡེ་ཤེས་སྤྱན་གྱིས་གཟིགས་པའི་སེམས་ཅན་ནི། ཇི་སྙེད་ས་ཡི་རྡུལ་བས་གྲངས་མང་ཡང༌། །”ཞེས་དང༌། བོན་གྱི་སྐྱབས་འགྲོ་ལས། “མཁའ་མཉམ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག”ཅེས་སོ། །སེམས་ཅན་གྱི་ཁམས་མེད་ན། གཞི་སྙིང་རྗེ་ཆེན་པོའི་བདག་ཉིད་དུ་འདུས་པའི་འདྲེན་པ་མཆོག་དང་དེ་དག་གི་གདུལ་ཞིང་ཞེས་པའང་བརྗོད་དུ་མེད་དོ། །དེ་བས་ན་སེམས་ཅན་མཐའ་ཡས་མཁའ་དང་མཉམ་པ་མ་ཟད། སེམས་ཅན་དེའི་ཚེ་སྲོག་གི་རྒྱུན་ཀྱང་ནམ་ཞིག་དོན་དམ་གནས་ལུགས་ཆེན་པོ་མ་རྟོགས་ཀྱི་བར་དུ་ཡུན་ནས་ཡུན་དུ་བསྲིང་བར་འདོད་པས་དེ་ལ་འཁོར་བ་ཞེས་ཐ་སྙད་བརྗོད་དོ། །“མཐའ་རིང་འཁོར་བ”ཞེས་པའམ“འཁོར་བ་ལ་མཐའ་མེད”ཅེས་པའང་དོན་དམ་པར་ནམ་མཁའི་ཁམས་འདི་ན་སེམས་ཅན་འཚོ་བའི་གོ་ལ་རྫོགས་མཐའ་མེད་པ་ཞིག་མཆིས་ཤིང༌། སེམས་ཅན་དེ་དག་རང་རང་གནས་པའི་གོ་ལ་དེ་འཇིག་པ་ཉིད་ནས་འཇིག་པར་མི་འགྲོ་བར་ཚེ་སྲོག་གི་རྒྱུན་དེ་གོ་ལ་གཞན་དུ་མུ་འབྲེལ་དུ་བསྲིང་བ་ལ་བྱ་སྟེ། 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》{6}ལས། “གྲངས་མེད་རྒྱལ་བའི་ཞིང་སྐུའི་བཀོད་པ་ལ། །ལ་ལ་ཆགས་ཤིང་ལ་ལ་གནས་པ་དང༌། །ལ་ལ་འཇིག་ཅིང་ལ་ལ་སྟོངས་པའོ། །”ཞེས་ཇི་སྲིད་གནས་ལུགས་ཀྱི་དོན་མ་རྟོགས་པར་ཚེ་སྲོག་གི་རྒྱུན་བསྐྱངས་པ་དེ་སྲིད་དུ་སྡུག་བསྔལ་གྱི་རྒྱ་མཚོ་ཉིད་དུ་ལྟ་བ་ནི་གཡུང་དྲུང་བོན་གྱི་ཐེག་པ་ཀུན་གྱི་རྨང་གཞིར་གྱུར་བའི་ལྟ་བ་ཡིན། དེ་ལྟར་ན་ཆེ་མཐོང་གི་མེ་ལོང་ནང་གཟིགས་ན་ནམ་མཁའ་ཇི་ལྟར་ཁམས་ཡངས་ཤིང་རྒྱ་ཆེ་བ། སེམས་ཅན་ཇི་ལྟར་གྲངས་མང་ལ་ཚེ་དང་བསོད་ནམས་བསམ་མི་ཁྱབ་པར་འཆར་ནའང༌། ཕྲ་མཐོང་གི་མཐིལ་ལ་བླངས་ན་ཟོ་ཁྱིམ་ལྟ་བུའི་འཁོར་བ་དང་ཀུན་མཁྱེན་གྱི་ཐུགས་རྗེ་མ་ཁྱབ་པ་མེད་པར་བསམ་མོ། །དེའི་ཕྱིར་གཡུང་དྲུང་བོན་རྣམས་ཀྱིས་བྱེ་བྲག་གང་ཟག་གཅིག་གི་སེམས་ཁམས་དང་མུ་མཐའ་མེད་པའི་བར་སྣང་གི་ཁམས་གཉིས་ངོ་བོ་གཅིག་པ་དང་ཕན་ཚུན་འདྲེས་ཤིང་ཕན་ཚུན་བསྐྱེད་བྱེད་ཀྱི་རྒྱུར་འགྱུར་བར་ལྟ་བ་སྟེ། 《ཨ་ཁྲིད》ལས། “ནམ་མཁའ་ཇི་བཞིན་སེམས་ཉིད། སེམས་ཉིད་ཇི་བཞིན་ནམ་མཁའ་ཁྲུག་གེ་འདྲེས། དབྱེ་ཡིས་མི་ཕྱེད་པ་གཉིས་མེད་མཉམ་པ་ཆེན་པོའི་ངང་ལས་རྒྱུན་ཆགས་སུ”ཉམས་སུ་ལེན་པ་ཡིན་ནོ། །

  • ལེ་ཚན་སྔོན་མ།:གཡུང་དྲུང་བོན་གྱི་སྲིད་པའི་ལྟ་ཚུལ་སྐོར་མདོ་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:གཡུང་དྲུང་བོན་གྱི་སྲིད་པའི་ལྟ་ཚུལ་སྐོར་མདོ་ཙམ་གླེང་བ།