གསུམ། སྲིད་པའི་དུས་ཀྱི་ལྟ་ཚུལ།
གཤེན་རབ་པ་རྣམས་ཀྱི་སྲིད་པའི་དུས་ཀྱི་ལྟ་ཚུལ་ཡང་ཕྱི་རོལ་ཡུལ་གྱི་སྣང་ཚུལ་དེ་ཚུར་སྣང་བྱུང་བ་ཙམ་ལས་མ་འདས་ཏེ། དེ་ལ་ཐུན་མོང་དང་ཐུན་མོང་མུན་པའི་ལྟ་ཚུལ་གཉིས་སུ་འདུས།
1.ཐུན་མོང་གི་ལྟ་ཚུལ།
གཤེན་རབ་ཀྱི་ཁོངས་སུ་འདུས་པའི་ཐེག་པ་ཆེ་ཆུང་གང་ཡིན་ཀྱང་ཐུན་མོང་གི་ལྟ་ཚུལ་ནི། འཇིག་རྟེན་སྟེང་གི་བྱ་དངོས་གང་ཡིན་ཀྱང་ཐམས་ཅད་སྐད་ཅིག་སྐད་ཅིག་ལ་འགྱུར་བའི་མི་རྟག་པའི་རང་བཞིན་དུ་འདོད་དེ། 《མན་ངག་རིན་པོ་ཆེ་ཨ་ཁྲིད་ཀྱི་སྔོན་འགྲོའི་ཚིག་བཤད》ལས། “རྒྱུ་ལས་གྲུབ་པའི་གཟུགས་འདི་རྐྱེན་གྱིས་འཇིག། ལས་ཀྱིས་འབྲེལ་བའི་ལུས་སེམས་ཅིས་ཀྱང་འབྲལ། །རྟག་ཏུ་རེ་བའི་མི་ཚེ་ཡེངས་ལ་ཟད། །འདི་ལ་རྟག་པར་འཛིན་པ་སྙིང་རེ་རྗེ། །མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཕྱི་སྣོད་འཇིག་རྟེན་མེ་ཆུ་རླུང་གིས་འཇིག། །ནང་བཅུད་སེམས་ཅན་ནད་མུག་མཚོན་གྱིས་སྟོངས། །ཐམས་ཅད་འཇིག་པའི་རང་བཞིན་ཡིན་པ་ལ། །འདི་ལ་རྟག་པར་འཛིན་པ་སྙིང་རེ་རྗེ། །……རགས་པའི་ལོ་ཟླ་ཞག་གྲངས་རབ་ཏུ་འགྱུར། །ཕྲ་བའི་སྐད་ཙམ་དེ་བཞིན་མི་རྟག་པ། །ཐམས་ཅད་འགྱུར་བའི་རང་བཞིན་ཡིན་པ་ལ། །འདི་ལ་རྟག་པར་འཛིན་པ་སྙིང་རེ་རྗེ། །”ཞེས་སོ། །དུས་ཞེས་པའང་མི་རྟག་པའི་སྣང་ཚུལ་དེ་ཁོ་ན་ལས་བྱུང་ཞིང༌། འགྱུར་བའི་རང་བཞིན་ཅན་ནམ་འགྱུར་བའི་གོ་རིམ་ལ་དུས་ཞེས་ཐ་སྙད་བཏགས་སོ། །དེས་ན་ཆེ་ཉི་ཟླ་གཟའ་སྐར་གོ་ལ་དང་ཆུང་རྡུལ་ཕྲ་རབ་ཡན་ཆད་ཐམས་ཅད་ནམ་མཁའི་ཁམས་དང་དུས་ཀྱི་ངང་འདི་ལས་མ་བྱུང་བ་གཅིག་ཀྱང་མེད་པར་འདོད། སྤྱིར་དུས་ལའང་ལྔ་ཡོད་པར་བཤད་དེ། སོང་བ་སྔར་འདས་ཀྱི་དུས། འོང་བ་ཕྱིས་འབྱུང་གི་དུས། ད་སྤྱོད་སྐད་ཅིག་གི་དུས། ལས་དབང་ཚེའི་དུས། རྐྱེན་ཁ་དྲག་པའི་དུས་སོ། །དུས་ཀྱི་བྱེ་བྲག་གམ་དབྱེ་བ་འདི་དག་ཐམས་ཅད“བསྐལ་བ”ཞེས་པ་འདིའི་ཀློང་ལས་བྱུང་བར་འདོད་ལ། དོན་དུ“བསྐལ་བ”ཞེས་པ་ནི་བར་སྣང་སྟོང་བའི་ཁམས་ན་དངོས་པོ་འགུལ་སྐྱོད་བྱེད་པ་ལ་ཆེས་མཐོང་གི་ཕྱོགས་ནས་ངོས་འཛིན་ཚུལ་ཞིག་ཏུ་ཟད་དེ། སྤྱིར་བསྐལ་བ་ལའང་གནས་དང་དུས་དང་ཚེ་དང་རང་བཞིན་དང་གྲངས་ཀྱི་བསྐལ་བ་ཞེས་དབྱེ་བ་ལྔའམ་དགུར་ཡོད་པ་བོན་གཞུང་དག་ལས་གསུངས་ཤིང༌། བྱེ་བྲག་ཏུ་གནས་ཀྱི་བསྐལ་བ་ལ་ཆེ་འབྲིང་ཆུང་གསུམ་དང་དུས་ཀྱི་བསྐལ་བ་ལ་མེ་ཆུ་རླུང་གསུམ་དང་ནད་མུག་མཚོན་གསུམ་གྱི་བསྐལ་བ། གྲངས་ཀྱི་བསྐལ་བ་ལ་ཉི་ཁྲི་གྲངས་སུ་བགྲངས་པའི་བསྐལ་བ་དང༌། སྤྱོད་པ་མཐུན་ལ་བབས་པའི་བསྐལ་བ་དང༌། གྲངས་བཟུང་དྲུག་ཅུ་སྐོར་གྱི་བསྐལ་བ་བཅས་སོགས་དབྱེ་ཚུལ་མང་དུ་ཡོད་དོ། །{7}དེའང་ཐོག་དང་པོ་སྲིད་པ་འདི་ཉིད་མ་ཆགས་པའི་སྔ་རོལ་དུ་བར་སྣང་གི་ཁམས་སུ་ཐོག་མཐའ་མེད་པར་སྟོང་བའི་ངང་དུ་གནས་པས་བསྐལ་བའམ་དུས་ཞེས་ཀྱང་གླེང་རྒྱུ་མེད་ལ། དེ་ནས་མེ་ཆུ་ས་རླུང་འབྱུང་བ་གཡོས་པ་ལས་སྲིད་པ་ཆགས་པའི་མགོ་བརྩམས་པ་ནས་དུས་ཀྱི་མགོའང་བརྩམས་པ་ཡིན་ཏེ། དོན་དམ་པར་དུས་ལ་སྔ་ཕྱི་རིང་ཐུང་ཡོད་པའང་ཆེས་མཐོང་གི་ཕྱོགས་ནས་བཤད་ན་སྲིད་པ་ལ་ཆགས་གནས་འཇིག་སྟོང་གི་བསྐལ་བ་ཡོད་པ་ནས་བྱུང་བར་འདོད་ལ། ཕྲ་མཐོང་གི་ཕྱོགས་ནས་བཤད་ན་ཉི་ཟླ་གཟའ་སྐར་གྱི་རྒྱུ་བ་དང་དངོས་པོ་རྣམས་སྐད་ཅིག་སྐད་ཅིག་ལ་འགྱུར་ཅིང་འགུལ་བསྐྱོད་བྱེད་པའི་རང་བཞིན་ལས་བྱུང་བར་འདོད་དོ། །《མདོ་དྲི་མེད་གཟི་བརྗིད》ལས། “ཕྱི་སྣོད་སྟོང་གསུམ་འཇིག་རྟེན་དང༌། །ནང་བཅུད་འབྲེང་དུད་འཕར་གསུམ་ལ། །དགེ་སྡིག་ལས་ཀྱི་བྱེ་བྲག་ཕྱེ། །གྲུ་བཞི་བར་ཐག་འབོད་སྐད་ལ། །བསྐལ་བའི་མིང་ཚིག་ཡི་གེ་བཏིང༌། །ཕྲ་རབ་རྡུལ་གྱི་དངོས་པོ་ལ། །སྣང་ཡོལ་གཟུགས་ཀྱི་བརྟེན་པ་བཅུག། ཉི་ཟླ་གཟའ་སྐར་འཆོལ་བུར་ལ། །ལོ་ཟླ་ཞག་གི་ཚད་དུ་བཟུང༌། །”ཞེས་སོ། །འདི་ལ་ཚན་རིག་གི་རང་བཞིན་ལྡན་པ་མ་ཟད་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་དང་ཡང་མཐུན་པར་སྣང་ངོ༌། །དེ་བཞིན་མིའི་ཚེ་ཚད་ཀྱང་སྲིད་པ་ཆགས་ཏེ་འགྲོ་བ་མི་བྱུང་བ་ནས་བཟུང་སྲིད་པ་འཇིག་པའི་བར་དུ་ཚེའི་འཕེལ་འགྲིབ་ཇི་སྙེད་ཅིག་བྱུང་བར་འདོད་དེ། །ཚེ་ལོ་དཔག་མེད་ནས་བརྒྱད་ཁྲི་བར་ལ་ཆགས་པའི་བསྐལ་བ་ཟེར་ཞིང༌། དེ་བཞིན་གནས་པའི་བསྐལ་བ་ལའང“ཡ་ཐོག་བརྒྱད་ཁྲིའི་ཐོག་ནས་བཟུང༌། མ་ཐོག་རིང་དང་བར་ཁུག་བཅོ་བརྒྱད་དང༌། མ་ཐོག་རིང་བཅས་བར་བསྐལ་ཉི་ཤུ”ཡོད་པར་འདོད་དེ། 《བསྟན་འབྱུང་དར་རྒྱས་གསལ་སྒྲོན》{8}ལས། “དང་པོ་ཡ་ཐོག་རིང་མོ་ནི། ཚེ་ལོ་བརྒྱད་ཁྲི་ནས་བཟུང་སྟེ་བཅུ་བའི་བར་དུ་ཐུག་པའོ། །གཉིས་པ་བར་ཁུག་ནི། བཅུ་ནི་བརྒྱད་ཁྲིར་འཛེགས། དེ་ནས་བཅུ་རུ་འབབ། དེ་འདྲ་ཁུག་པ་གཅིག་ཏུ་བརྩིས་པས་མཐོ་བརྒྱད་བར་བསྐལ་བཅོ་བརྒྱད་དོ། །གསུམ་པ་མ་ཐོག་ཐུང་ངུ་ནི། བཅུ་ནི་བརྒྱད་ཁྲིར་འཛེགས། དེ་ནས་མར་འགྲིབ་པའོ། །དེ་ཡང་ཡ་ཐོག་ནི། བསྐལ་བའི་དྭངས་མ་ཡིན་པས་འགྲིབ་པ་བུལ་ལ། མ་ཐོག་ནི་ཡང་སྙིགས་ཡིན་པས་སྐྱེ་བུལ་པའོ། །དེ་གཉིས་བར་ཁུག་རེ་དང་ཡུན་མཉམ་པའོ། །དེས་ན་ཆག་པ་དང་འཇིག་པ་དང་སྟོང་བ་གསུམ་ཡང་གནས་བསྐལ་དང་ཡུན་མཉམ་སྟེ། བར་བསྐལ་ཉི་ཤུ་རེའོ། །ཉི་ཤུ་བ་ཕྲག་བཞི་ལ་བརྒྱད་བཅུ་སྟེ་བསྐལ་ཆེན་ཡིན་པའོ། །”
དུས་ཡུན་གྱི་ངོས་འཛིན་ཚུལ་ཐད་ལ《མདོ་དྲི་མེད་གཟི་བརྗིད》ལས། “ཆགས་གནས་འཇིག་དང་སྟོང་བ་ནི། །ལོ་ཟླ་ཞག་ལ་ཚད་འཛིན་ཏེ། །ཉི་ཟླ་རི་རབ་ལོགས་ལ་འཁོར། །དེ་ལ་ཞག་ཏུ་བརྩི་བ་སྟེ། །ལོགས་གཉིས་ཉིན་ལ་ལོགས་གཉིས་མཚན། །ཉི་མཚན་ཟ་མ་ཆ་གཅིག་ཞག། ཞག་པོ་སུམ་ཅུ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལོ་འཁོར་གཅིག། ལོ་འཁོར་བཅུ་གཉིས་ལོ་སྐོར་གཅིག། ལོ་སྐོར་ལྔ་ལ་ལོ་རྒན་གཅིག། ལོ་རྒན་དྲུག་ཅུ་ལས་བསྐལ་གཅིག། ”ཅེས་འབྱུང་བ་ལྟར་དང་ཆེས་ཐུང་བའི་དུས་ཡུན་གྱི་ངོས་བཟུང་ཚུལ་སྐོར་ལའང་དེ་ཉིད་ལས“དུས་མཐའ་སྐད་ཅིག་མ་ཞེས་སྐད་ཙམ་སྟེ། དཔེར་ན་ཤ་མོང་བརྒྱ་དང་ཉི་ཤུ་སྤུག་དེ་ལ་མདའ་བརྒྱ་རེ་རེ་ཕུག་པའི་ཡུན། ཙམ་དེ་བརྒྱ་དང་ཉི་ཤུར་སྐད་ཅིག་གཅིག་སྐད་ཅིག་དྲུག་ཅུ་ཐང་གཅིག་ཐང་སུམ་ཅུ། ཡུད་ཙམ་ཡུད་ཙམ་སུམ་ཅུ་ཞག་གཅིག་སྟེ། ཉིན་ཞག་སུམ་ཅུ་ཟླ་གཅིག་ཟླ་བཅུ་གཉིས”ཞེས་འབྱུང་ངོ། །