གཡུང་དྲུང་བོན་གྱི་སྲིད་པའི་ལྟ་ཚུལ་སྐོར་མདོ་ཙམ་གླེང་བ།(3)

        2010-08-26


                                 2.ཐུན་མིན་གྱི་ལྟ་ཚུལ།
       བོན་གྱིས་དུས་ལ་ཐུན་མིན་གྱི་ངོས་འཛིན་ཚུལ་ནི་བོན་གྱི་ཐེག་པ་རིམ་དགུའི་ཡང་རྩེ་བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་ལས་བྱུང་སྟེ། ཐེག་པ་འདིས་ཆོས་སམ་སྣང་སྲིད་འཁོར་འདས་ཐམས་ཅད་རང་གི་སེམས་ལས་བྱུང་བར་འདོད་ལ། སེམས་ནི་གཞི་མེད་རྩ་བྲལ་སྟོང་བ་ཉིད་དུ་ངོ་ཤེས་པ་སྟེ། 《རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ལས་རྒྱུད་བུ་ཆུང་བཅུ་གཉིས》ལས། “བོན་དང་བོན་ཐམས་ཅད་ཀྱང༌། །རང་གི་སེམས་ཡིན་གཞན་མིན་པས། །ཐམས་ཅད་རང་འབྱུང་ཉིད་དུ་ལྟོས། །”ཞེས་དང༌། 《རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར》ལས“ཕྱི་སྣ་ཚོགས་སུ་སྣང་བ་འདི་དག་བྱང་ཆུབ་སེམས་ཀྱི་ཀློང་དུ་ངོ་བོ་གཅིག་པར་བསྟན་པ་དང༌། བྱང་ཆུབ་སེམས་གཞི་མེད་རྩ་བྲལ་དུ་བསྟན་པ་སྟེ། ཕྱི་སྣང་བ་འདི་དག་བྱང་ཆུབ་སེམས་ཀྱི་ངང་ལ་བདག་ཏུ་བཟུང་བའི་རྩལ་ལ་ཤར་བ་ལ། ཤར་དུས་ཉིད་ནས་རྩལ་གྱི་རོལ་བ་ཙམ་ལས། ཕྱི་ནང་གང་ན་ཡང་མེད་པ་གསལ་སྣང་དང་རང་སེམས་ལས་གཞན་དུ་མ་གྲུབ་པའི་བོན་ཅན། རྐྱེན་སྣང་རྟེན་འབྲེལ་ལས་སྣང་བ་ཙམ་དུ་ངོ་ཤེས་དགོས། ཕྱི་སྣང་བ་འདི་དང་སེམས་ཉིད་སྟོང་བ་གཉིས་ལ་ཐ་དད་དབྱེར་མེད་དེ་ཐམས་ཅད་བོན་ཉིད་ཆ་ལ་དབྱེ་བསལ་བྲལ་བར་གནས་པའོ། །”ཞེས་འབྱུང་བ་ལྟར་ཐེག་པ་འདིའི་ལུགས་ལ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་ལས་ཐོག་མར་གང་ཟག་གི་སེམས་ཀྱི་བྱུང་གནས་འགྲོ་གསུམ་ལ་རྩད་བཅད་ནས་དང་པོ་སེམས་ལ་བྱུང་ས་མེད་དེ་རྒྱུ་དང་རྐྱེན་གྱིས་མ་བསྐྱེད། བར་དུ་གནས་ས་མེད་དེ་དབྱིབས་དང་ཁ་དོག་མཚན་མས་མ་གྲུབ། ཐ་མ་འགྲོ་ས་མེད་དེ་འདིར་སོང་གི་མཁན་པོ་མེད་པས་རྒྱུ་ལས་མ་བྱུང༌། རྐྱེན་གྱིས་མ་བསྐྱེད། གང་ལའང་མ་བརྟེན་ཅིང་རག་མ་ལས་པར་ཡེ་སྟོང་རྩ་བྲལ་དུ་འདུག་པར་མཐོང་བ་དེའི་སྟེང་ནས་གཅིག་ཤེས་ཀུན་གྲོལ་གྱི་ཚུལ་དུ་ཆོས་ཀྱི་བདག་མེད་ཀྱང་རང་བཞིན་དེ་ལས་མ་འདས་པར་ངོ་ཤེས་སོ། །དེས་ན་ཕྱི་ནང་གི་དངོས་པོ་ཐམས་ཅད་སྟོང་བ་ཉིད་དུ་འདུག་པའི་གནས་ལུགས་དེའི་སྟེང་ནས་དུས་ལའང་སྔ་ཕྱི་མེད་ཅིང་སྟོང་བ་ཉིད་དུ་འདུག་པའི་ལྟ་ཚུལ་འདི་བྱུང་བ་རེད། 《རྒྱུད་བུ་ཆུང་བཅུ་གཉིས》ལས། “བྱང་ཆུབ་སེམས་ལ་རྒྱུ་རྐྱེན་མེད། །བྱང་ཆུབ་སེམས་ལ་བཅོས་བསླད་མེད། །བྱང་ཆུབ་སེམས་ལ་གདགས་སུ་མེད། །བྱང་ཆུབ་སེམས་ལ་སྐྱེ་ཤི་མེད། །”ཅེས་འབྱུང་བ་འདི་ལས“བྱང་ཆུབ་སེམས་ལ་སྐྱེ་ཤི་མེད”ཅེས་པས་བྱང་ཆུབ་སེམས་འདི་བྱུང་བའི་དུས་ཀྱི་ཐོག་མ་མེད་པ་དང“ཤི་མེད”ཡིན་པས་དུས་ཀྱི་མཐའ་མའང་མ་གྲུབ་པའོ། །དེ་ལྟར་དུ་གོང་གི་དེ་ཉིད་ལས། “སེམས་ཉིད་གདོད་ནས་ཡེ་སངས་རྒྱས། །དང་པོ་ཡེ་ཤེས་རྒྱུ་མེད་པས། །རྒྱུ་ལ་སྐྱེས་པའི་ཡེ་ཤེས་མིན། །རང་གསལ་ཡེ་ཤེས་ཉག་གཅིག་མ། །ཀུན་ཏུ་བཟང་བོའི་ཐུགས་ཉིད་ཡིན། །སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ། །འདས་དང་མ་བྱུང་ད་ལྟ་གསུམ། །རྟོགས་པ་སྔ་ཕྱིའི་ཁྱད་པར་ལས། །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །བྱང་ཆུབ་སེམས་ལ་རྒྱུ་མེད་པས། །རྒྱུ་ལས་སྐྱེས་པའི་འབྲས་བུ་མིན། །རྩོལ་བྲལ་ནམ་མཁའ་ལྟ་བུར་གནས། །”ཞེས་སོ། །དཔེར་ན་ཞང་ཞུང་གི་རྫོགས་ཆེན་པ་གྱེར་ཆེན་ཉི་འོད་བྱ་བ་ལ་མི་ཞིག་གིས་ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་པའི་ལན་དུ། “དོན་ལ་ངེས་པ་མེད་པས་ན། །བདག་གི་མིང་ལ་ངེས་པ་མེད། །ལ་ལས་ཉི་མ་འོད་ཟེར་ཟེར། །ལ་ལས་བོན་ཞིག་ནག་པོ་ཟེར། །ལ་ལས་གཡུ་ལུས་བྱ་མགོ་ཟེར། །”ཞེས་གསུངས་པ་དང༌། ཡང་ཁྱོད་གནས་འདི་ནས་ལོ་གྲངས་ཅི་ཙམ་བཞུགས་ཞེས་དྲིས་པས། གྱེར་ཆེན་གྱི་ཞལ་ནས“དུས་ལ་སྔ་ཕྱི་མེད་པས་ན། །ལོ་དུས་འཛིན་པ་སེམས་ཅན་བློ། །ལོ་ཡང་མང་པོ་ལོངས་ཏེ་མཆི། །”{9}ཞེས་གསུངས་པ་ལྟ་བུ་དང༌། ཡང་དྲན་པ་ནམ་མཁས“དུས་ལ་སྔ་ཕྱི་འཛིན་པ་འཁྲུལ་བའི་བློ། །གནས་ལ་མཐོ་དམན་འཛིན་པ་འཁྲུལ་བའི་བློ། །ཚེ་ལ་རིང་ཐུང་འཛིན་པ་འཁྲུལ་བའི་བློ། །དུས་དང་གྲངས་སུ་འཛིན་པ་འཁྲུལ་བའི་བློ། །”{10}ཞེས་གསུངས་པ་འདི་དག་གིས་རྫོགས་ཆེན་པ་དེ་རྣམས་ཀྱིས་དུས་ལ་འདས་དང་མ་འོངས་ད་ལྟ་དང་སྔ་ཕྱི་ཡུན་རིང་ཐུང་སོགས་ཀྱི་འདུ་ཤེས་བཟུང་བ་ནི་སེམས་ཀྱི་རྣམ་རྟོག་ཏུ་ངེས་ཤེས་ཤིང་རང་འབྱུང་ཡེ་ཤེས་ཀྱི་ཀློང་ན་དུས་གསུམ་ནམ་ཡང་དབྱེ་བ་མེད་པར་མཉམ་པ་ཉིད་དུ་རྟོགས་འདུག་གོ །

  • ལེ་ཚན་སྔོན་མ།:གཡུང་དྲུང་བོན་གྱི་སྲིད་པའི་ལྟ་ཚུལ་སྐོར་མདོ་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:གཡུང་དྲུང་བོན་གྱི་སྲིད་པའི་ལྟ་ཚུལ་སྐོར་མདོ་ཙམ་གླེང་བ།