ཚེ་རིང་ནོར་བུ། ཡ་ཐོག་བོན་གྱི་ཤེས་རིག་ཞིབ་འཇུག་ལས་འཕྲོས་པའི་གཏམ 2011-07-27
བཀའ་འཁོར་དང་པོའི་སྐོར།
བཀའ་འཁོར་དང་པོ་དྲང་དོན་ཀུན་རྫོབ་གཙོ་བོར་བྱས་ཏེ་ཐེག་པ་རིམ་དགུ་དང་རིག་པའི་གནས་ལྔའི་བོན་རྣམས་གསུངས་ཏེ། དེའང་བོན་ལུགས་སུ་གསོ་བའམ་སྨན་དཔྱད་རིག་པ་དང་། སྒྲ་ཚད་རིག་པ། བཟོ་རིག་པ། ནང་དོན་རིག་པ་དང་། ཕྱི་རིག་པའམ་རྩིས་རིག་པ་སྟེ་རིག་གནས་ཆེ་བ་ལྔ་ཞེས་པ་ཙམ་ལས་རིག་གནས་ཆུང་བ་ལྔ་ཞེས་ཡོངས་སུ་མ་གྲགས་སོ། །དེ་ལའང་གང་ལས་འབྱུང་བའི་ལྷ་ལྔ་དང་། གང་ཞིག་འབྱུང་བའི་བོན་ལྔ་དང་། གང་ལ་གཏད་པའི་སྣོད་ལྔ་དང་། རིག་གནས་རེ་རེ་ལའང་རྗོད་བྱེད་འབུམ་གསུམ་རེས་གཏན་ལ་ཕབ་ཡོད་པ་རེད། «རྣམ་འབྱེད»ལས། “ཡང་ན་རིག་པའི་གནས་ལྔ་སྟེ། །བཟོ་གསོ་སྒྲ་དང་རྒྱུ་འབྲས་དོན།།”ཞེས་དང«ལེགས་བཤད་མཛོད»ལས། “རྒྱལ་བུ་ཉིད་རྒྱལ་ས་མ་ཕྱུང་གི་བར་དུ་ནགས་ཚལ་དབེན་པའི་གནས་སུ་གབ་ཅིང་སྦས་པའི་ཚུལ་དུ་བཞུགས་ཤིང་སྲིད་པ་རྒྱུད་ཀྱི་བོན་དང་། ལས་འབྲས་རྣམས་གསུངས། རྒྱལ་སར་ཕྱུང་ཏེ་དགུང་ལོ་གཅིག་ནས་བཅུའི་བར་དུ་ཐེག་དགུའི་བོན་རྣམས་གསུངས་ཏེ་ཐེག་དགུའི་གཤེན་པོ་རྣམས་ལ་གཉེར་དུ་གཏད། སྐད་རིགས་སུམ་བརྒྱ་དྲུག་ཅུའི་སྒྲ་བསྒྱུར་བའི་གཡུང་དྲུང་སེམས་དཔའ་སུམ་བརྒྱ་དྲུག་ཅུས་གཡུང་དྲུང་གི་བོན་ཁམས་གསུམ་རིགས་དྲུག་གི་གནས་སུ་དར་བར་མཛད་ཅིང་རིག་པའི་གནས་ལྔའི་བོན་རྣམས་གསུངས། ”ཞེས་གསལ་བོར་བསྟན་ཡོད། དེའང་ཐེག་པ་རིམ་དགུ་ལ་ལྷོ་བྱང་དབུས་གསུམ་གྱི་གཏེར་ཁ་ཡོད་པས་དང་པོ་ལྷོ་གཏེར་ལུགས་ལྟར་ན། ཕྱ་སྣང་འཕྲུལ་སྲིད་བཞི་དང་། དགེ་དྲང་ཨ་ཡེ་བཞི་བླ་མེད་ཀྱི་ཐེག་པ་དང་དགུར་བཤད་མོད། དེ་རྣམས་ཀྱི་ལྟ་བསྒོམ་སྤྱོད་པ་སོགས་ནི«དྲི་མེད་གཟི་བརྗིད»དང་«གསང་བ་འདུས་པ» «ལུང་རིགས་མཛོད»སོགས་སུ་དོན་དགུས་གཏན་ལ་ཕབས་ཏེ་རྒྱས་གསལ་སྤྲོས་པ་ལས་ཤེས་པར་བྱའོ། དེའང་ཕྱ་སྣང་འཕྲུལ་སྲིད་བཞི་ལ་རྒྱུའི་ཐེག་པ་ཞེས་བརྗོད་པའ་རྒྱུ་མཚན་ཀྱང་སྐབས་འདིར་ཐེག་སྒོར་ཞུགས་ཀྱང་ལམ་སྒོར་མ་ཞུགས་པ་ཞེས་ལམ་བདེན་བཞི་དང་མ་འབྲེལ་ཞིང་ལྟ་བ་བདག་མེད་གང་གིས་ཀྱང་མ་ཟིན་པས་འཇིག་རྟེན་པའི་ཐེག་པ་ཞེས་བརྗོད། «ཀུན་ཏུ་བཟང་པོ་མཉམ་པ་ཉིད་ཀྱི་རྒྱུད»ལས། “ཕྱྭ་གཤེན་སྣང་གཤེན་འཕྲུལ་གཤེན་སྲིད་གཤེན་བཞི། །འཇིག་རྟེན་ལས་འཕྲོད་མཐུན་ངེས་གྲོལ་མིན། །རིང་བའི་རྒྱུ་ཀུན་བཟང་ང་ཡིས་བཤད། །”ཅེས་གསུངས་པ་བཞིན་ནོ། །འོ་ན་ཕྱི་རོལ་བ་དང་ཁྱད་མེད་དུ་ཐལ་ལོ་ཞེ་ན། ཁྱད་ཡོད་དེ། «ཕྱྭ་གཤེན་ཐེག་པའི་མདོ»ལས། “རང་ལ་མཁོ་བའི་དད་པ་དགོས། །གཞན་ལ་མཁོ་བའི་སྙིང་རྗེ་དགོས། །”ཞེས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་ནང་བའི་ཁོངས་སུ་དོན་གྱིས་འདུ་སྟེ། «ལམ་རིམ་སུམ་བརྒྱ་བ»ལས། “སྐྱབས་གནས་སྟོན་པ་ལྟ་སྒོམ་སྤྱོད་པ་དང་། །ཕྱི་བ་ནང་བའི་དོན་ནི་སྐྱབས་འགྲོས་དབྱེ། །དཀོན་མཆོག་སྐྱབས་གནས་མི་འཛིན་ཕྱི་རོལ་བ། །”ཞེས་པ་བཞིན་ནོ། །དེ་བཞིན་དུ་དགེ་དྲང་ཨ་ཡེ་བཞི་ནི་ལམ་བདེན་བཞི་དང་འབྲེལ་བའི་ཐར་ལམ་ཡོད་པས་འབྲས་བུའི་ཐེག་པ་ཞེས་བརྗོད་དེ། དེའང་དགེ་དྲང་གཉིས་དབུས་གཏེར་གྱི་མདོ་མཚན་ཉིད་ཀྱི་ཐེག་པ་ཆེ་ཆུང་གཉིས་དང་མཐུན་ནོ། །ཨ་དཀར་ཡེ་གཤེན་གཉིས་ནི་རིམ་གཉིས་ལམ་དང་འབྲེལ་བའི་གསང་སྔགས་ཀྱི་བོན་ཁོ་ནའོ། །བླ་མེད་ཀྱི་ཐེག་པ་ནི་རྫོགས་ཆེན་དང་གཅིག་གོ ། ཡང་དབུས་གཏེར་ལྟར་ན«ཐེག་འགྲེལ་མེ་ལོང་དགུ་སྐོར» «རྒྱུད་ཡེ་ཁྲིད་མཐའ་སེལ» «གཏན་ཚིགས་ཐིགས་མདོ»སོགས་ཀྱི་དགོངས་བཅུད་བསྡུས་ཏེ«ལུང་རིགས་རིན་པོ་ཆེའི་མཛོད་བློ་གསལ་སྙིང་གི་ནོར་བུ»ཞེས་པ་ལས་གསལ་རྒྱས་སུ་བསྟན་ཡོད། འདིར་མདོར་བསྡུས་ཙམ་འཆད་པ་ལ། ལྷ་མི་གཞན་བརྟེན་ཐེག་པ་ནི་ཐེག་སྒོར་ཞུགས་ཀྱང་ལམ་སྒོར་མ་ཞུགས་པའི་འཇིག་རྟེན་ཐེག་པ་ཞེས་བྱ་སྟེ། «མཁས་འཇུག»སོགས་ལས་བསྟན་པའི་ལྷ་མིའི་ཐེག་པ་དང་ཚངས་པའི་ཐེག་པ་ཞེས་པ་དང་དོན་གཅིག་གོ། དེ་ནས་ལམ་སྒོར་ཞུགས་པའི་ཐེག་པ་གཤེན་རབ་རྣམ་རྩོད་པ་དང་། རང་རྟོགས་གཤེན་རབ་ཀྱི་ཐེག་པ། ཐུགས་རྗེ་སེམས་དཔའི་ཐེག་པ། གཡུང་དྲུང་སེམས་དཔའི་ཐེག་པ་དང་བཞི་ནི་ཕྱི་སྤང་ལམ་དང་མཐུན་པའི་མདོ་ཡི་ཐེག་པ་དང་། དེ་ལས་རྣམ་རྩོད་པ་ལའང་རྣམ་བཅས་དང་རྣམ་མེད་གཉིས། དེའི་ཐོག་ཏུ་དབུ་སེམས་གཉིས་བསྣན་པའི་རྒྱུ་མཚན་ཉིད་ཀྱི་གྲུབ་མཐའ་བཞི་ཞེས་འདོད། བྱ་བ་གཙང་སྤྱོད་ཐེག་པ་དང་། རྣམ་པ་ཀུན་ལྡན་ཐེག་པ་དང་། དངོས་བསྐྱེད་ཐུགས་རྗེ་རོལ་བའི་ཐེག་པ་གསུམ་ནི་ནང་སྒྱུར་ལམ་དང་མཐུན་པའི་སྔགས་ཕྱི་བའི་ཐེག་པའོ། ཤིན་ཏུ་དོན་ལྡན་དང་། རྫོགས་ཆེན་གཉིས་ནི་གསང་བ་གྲོལ་ལམ་དང་མཐུན་པའི་སྔགས་ནང་བའི་ ཐེག་པའོ། དེའང «མདོ་དྲི་མེད»ལས། “རྒྱལ་གྱི་ལོ་མཛད་བཅུ་གཉིས་ལས། །བསྟན་སྤེལ་ཡན་ཆད་ཀུན་རྫོབ་ཚུལ”ཞེས་གསུངས་པ་ལྟར།
བཀའ་འཁོར་ལོ་གཉིས་པའི་སྐོར།
དྲང་ངེས་ཟུང་འབྲེལ་གྱི་ཆ་ནས་སྒོ་བཞི་མཛོད་དང་ལྔ། «མདོ་གཟེར་མིག»ལས། “གཡུང་དྲུང་བོན་ ལ་རྒྱ་ཆེ་གྲངས་མང་ཡང་། །སྒོ་བཞི་མཛོད་དང་ལྔ་རུ་ཕྱེས་ནས་བྲིས། །མན་ངག་ལུང་གི་བོན་ནི་ཉུང་ལ་འདུས་པའི་བོན། །དཔོན་གསས་སྡེ་རུ་བྲིས་ནས་གསེར་གྱི་གླེགས་བམ་ནང་དུ་བཅུག སྲིད་པ་རྒྱུད་ཀྱི་བོན་ནི་མང་ལ་འབྲེལ་བའི་རྒྱུད། ཆབ་ནག་སྡེ་རུ་བྲིས་ནས་ལྕགས་ཀྱི་གླེགས་བམ་ནང་དུ་བཅུག རྒྱས་པ་འབུམ་གྱི་བོན་ནི་དོན་ལ་རྒྱས་ཤིང་བསྡུས་པའི་བོན། འཕེན་ཡུལ་སྡེ་རུ་བྲིས་ནས་ཟངས་ཀྱི་གླེགས་བམ་ནང་དུ་བཅུག ནག་པོ་སྔགས་ཀྱི་བོན་ནི་དོན་ལ་སྔགས་པའི་སྔགས། ཆབ་དཀར་སྡེ་རུ་བྲིས་ནས་དངུལ་གྱི་གླེགས་བམ་ནང་དུ་བཅུག དེ་བཞི་གཅིག་ཏུ་བསྡུས་ཤིང་ཡོ་ལ་རྒྱུག་པ་ནི། གཙང་མ་མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་བོན་ཡིན་ཏེ། ལྟ་བ་གཅིག་ཏུ་སྐྱེས་པའི་མཐོ་ཐོག་སྤྱི་རྒྱུགས་ཞེས། མཛོད་ཀྱི་སྡེ་རུ་བྲིས་ནས་གཡུ་ཡི་གླེགས་བམ་ནང་དུ་བཅུག”ཅེས་པ་ལྟར་གོང་གི་ཕྱྭ་སྣང་འཕྲུལ་སྲིད་ཀྱི་ཐེག་པ་བཞིའི་དོན་ཐམས་ཅད་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྒོར་བསྡུས་ཏེ་གླེགས་བམ་གཅིག་བྱས། འདི་ལ་ཆབ་ནག་ཟེར་དོན་ཡང་ཁ་དོག་དང་ལས་སྤྱོད་དཀར་ནག་ཙམ་གྱི་དོན་མ་ཡིན་ཞིང་། ཆབ་སྲིད་ཁོ་ན་ལ་མཁོ་བྱ་རྐྱང་བ་ཡིན་པས་དེ་སྐད་དུ་བརྗོད་དེ། དཔེར་ན་རྒྱ་ནག་ནག། གསེར་ནག་ནགཅེས་པ་ལྟ་བུའོ།བོ ད་དུ་དར་ཁྱབ་ཆེ་ཞིང་དར་ནུས་ཀྱང་ཆེར་མ་སོང་བས་བོན་ཐམས་ཅད་ཀྱི་མཚན་གཞིར་སོང་། བརྗོད་བྱའི་གཙོ་བོ་པྲ་བལྟས་མོ་དང། རྣམ་མཐོང་རྩིས་དང་། སྨན་དཔྱད་དང་གཏོ་བཅོས། འདུར་དང་མདོས་ལ་སོགས་པོ་ཏི་རེ་གཉིས་ཙམ་མ་ཡིན་པར་ཤིན་ཏུ་མང་ངོ་། །སྤྱིར་སྲིད་བོན་ལ་སྟོན་པའི་རྒྱུ་བོན་དང་ཡ་ཐོག་ནས་དར་བའི་རྒྱུ་བོན་གཉིས་ཡོད་པའི་ཚུལ་ཁོ་བོས་བྲིས་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་སྐབས་སུ་བཤད་ཟིན་པས་སླར་ཡང་ངལ་བར་མི་བྱའོ། ཡང་གོང་དུ་དགེ་བསྙེན་དང་དྲང་སྲོང་གཉིས་སྐབས་འདིར་འཕེན་ཡུལ་འབུམ་གྱི་བོན་སྒོར་བསྡུས་ཏེ་བསྟན་པ་སྟེ། དྲང་སྲོང་གི་བོན་མཚན་ཉིད་སྡེ་ལྔ་ལྟ་བུའོ། ཡང་བཀའ་འཁོར་དང་པོའི་ནང་གི་ཨ་དཀར་དང་ཡེ་གཤེན་གཉིས་སྐབས་འདིར་ཆབ་དཀར་དྲག་པོ་སྔགས་ཀྱི་བོན་སྒོར་བསྡུས་ཏེ་བསྟན་པ་སྟེ། སྔགས་ཀྱི་རྒྱུད་བཞི་ལྟ་བུའོ། ཡང་བཀའ་དང་པོའི་སྐབས་བླ་མེད་ཀྱི་ཐེག་པ་ཉིད་སྐབས་འདིར་དཔོན་གསས་མན་ངག་ལུང་གི་བོན་སྒོར་བསྡུས་ཏེ། གབ་པ་དགུ་སྐོར་ལྟ་བུའོ། མཐོ་ཐོག་མཛོད་ནི་ཀུན་ལ་སྤྱི་རྒྱུག་ཏུ་བསྟན་ཡང་། ཤར་རྫ་བ་སོགས་ཀྱིས«སྡེ་སྣོད་མཛོད»ལས། “རྫོགས་ཆེན་ཨ་ཏི་ལྟ་བ་ཡང་། །གཙང་མ་མཐོ་ཐོག་མཛོད་ལས་བྱུང་། །”ཞེས་རྫོགས་ཆེན་གྱི་སྡེར་བཞེད་དེ། སྲིད་པའི་མཛོད་ཕུགས་ལྟ་བུའོ། །དེས་ན་བོན་སྒོ་བརྒྱད་ཁྲི་བཞི་སྟོང་ཡང་སྒོ་བཞི་མཛོད་དང་ལྔའི་ཁོངས་སུ་བསྡུས་ཏེ་བསྟན་པའོ། མདོ་ལས། རྗེས་བཞག་ཡན་ཆད་བདེན་གཉིས་ཚུལ། །ཞེས་མཛད་ཆེན་བཅུ་གཉིས་ལས་དགུ་བ་བསྟན་པ་རྗེས་བཞག་ཡན་ཆད་བཀའ་བར་བའི་ཚུལ་ལོ། །
བཀའ་འཁོར་ལོ་ཐ་མའི་སྐོར།
བཀའ་འཁོར་ལོ་ཐ་མ་ངེས་དོན་གཙོ་བོར་བྱས་ཏེ་ཕྱི་ནང་གསང་གསུམ་དུ་བསྟན་ཏེ། མདོ་འདུས་ལས། ཕྱི་རྒྱུད་འདུལ་བ་ཁྲིམས་ཀྱི་བོན། །ནང་རྒྱུད་གསང་བ་སྔགས་ཀྱི་བོན། །གསང་རྒྱུད་བླ་མེད་དོན་གྱི་བོན། །ཡང་གསང་དོན་དུ་གསུངས་པ་སྟེ། །བཀའ་ལ་ཐོག་མཐའ་བར་དང་གསུམ། །ཞེས་ཕྱི་སྤང་ལམ་མདོ་ཡི་ཐེག་པ་དང་མཐུན་པའི་མཚན་ཉིད་ཀྱི་ཐེག་པ་སྟེ། མདོ་ཡི་སྡེ་སྣོད་གསུམ་ལྟ་བུའོ། །ནང་བསྒྱུར་ལམ་དང་མཐུན་པའི་སྔགས་ཀྱི་བོན་ཏེ། ཁྲོ་བོ་རྒྱུད་དྲུག་དང་ཞི་བ་དོན་དྲུག་ལྟ་བུའོ། །གསང་བ་གྲོལ་ལམ་གྱི་དོན་དང་མཐུན་པའི་བླ་མེད་ཀྱི་བོན་ཏེ། རྫོགས་ཆེན་བསྒྲགས་པ་སྐོར་གསུམ་དང་། སྙན་བརྒྱུད་བཀའ་བརྒྱུད་སྐོར་བཞི་ལྟ་བུའོ། །དེའང་མཛད་པ་བཅུ་གཉིས་ལས་རབ་ཏུ་བྱུང་བ་ནས་མྱང་འདས་ཡན་ཆད་དོན་དམ་ཚུལ་དུ་གསུངས་པར་བཤད། སྤྱིར་རྒྱལ་བའི་བཀའ་ལ་གདུལ་བྱའི་བློ་དང་འཚམས་པའི་དྲང་ངེས་ཀྱི་དབྱེ་སྒོ་མང་དུ་མཆིས་ཀྱང་བཀའ་འཁོར་རིམ་པ་གསུམ་གྱི་ཁོངས་སུ་མ་འདུས་པ་མེད་དེ། མདོ་ལས། གཡུང་དྲུང་བོན་ལ་རྒྱ་ཆེ་གྲངས་མང་ཡང་། །མདོ་རུ་བསྡུ་ན་ཐེག་པ་རིམ་པ་དགུ། །སྒོ་བཞི་མཛོད་ལྔ་ཕྱི་ནང་གསང་བ་གསུམ། །ཞེས་སོ། །དེ་ལྟར་འཁོར་ལོ་གསུམ་གྱི་རྣམ་བཞག་མདོར་བསྡུས་ཤིང་གོ་སླ་བ། ལས་དང་པོ་བ་རྣམས་ལ་ཕན་པའི་འདུ་ཤེས་སུ་བཟུང་ནས་བྲིས་པའོ། །རྒྱས་པར་ཤེས་འདོད་ན་ཕར་ཕྱིན་སོགས་གཞན་ནས་ཤེས་པར་བྱའོ། །
རྩོམ་གསར། 10