༄༅།། ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་དང་དེའི་གནས་ཡུལ་སྐོར་གླེང་བ།

བཀྲ་ཤིས་ཟླ་བ།        2018-11-20

          བཙན་པོའི་རྒྱལ་རབས་སྐབས་བྱུང་བའི་རྡོ་རིང་ཡི་གེ་དང་། བྲག་བརྐོས་ཡི་གེ། དེ་བཞིན་རྡོ་བརྐོས་ཡི་གེ་དང་། ཅོང་དྲིལ། རུས་སྟེང་ཐོག་བརྐོས་པའི་ཡིག་རིས་དེ་དག་ནི།   ཕྱིས་འབྱུང་སྒྱུར་བཅོས་ཀྱི་སྨྱུག་རྩེས་མ་རེག་པའི་གནའ་བོའི་ཡིག་རིས་ཤ་སྟག་ཡིན་ཙང་།   དེས་སྐབས་དེའི་སྤྱི་ཚོགས་ཀྱི་ངོ་བོ་དང་། སྤྱི་ཚོགས་ཀྱི་གནས་ཚུལ། ཆོས་སྲིད་བར་གྱི་འབྲེལ་བ་སོགས་དངོས་ཤུགས་གང་རུང་དང་། ཚད་གཞི་མི་འདྲ་བའི་ཐོག་ནས་མཚོན་པར་བྱེད་ཀྱི་ཡོད་པར་བརྟེན། བཙན་པོའི་དུས་ཀྱི་ལོ་རྒྱུས་དངོས་དོན་ལ་དཔྱད་ཞིབ་དང་། བོད་ཀྱི་སྐད་ཡིག་འཕེལ་འགྱུར་ལ་ཞིབ་འཇུག་བྱེད་པའི་མ་བཅོས་རྒྱུ་ཆ་རྩ་ཆེན་ཞིག་ཡིན་པ་མ་ཟད། ཡང་སྒོས་སུ་ཆོས་འབྱུང་ལོ་རྒྱུས་དེབ་ཐེར་ཁག་གི་བཞེད་ཚུལ་འགའ་ཞིག་ལོ་རྒྱུས་ཀྱི་དངོས་དོན་དང་མཐུན་མིན་ར་སྤྲོད་བྱེད་པའི་དཔང་རྟགས་གལ་ཆེན་ཞིག་ཀྱང་ཡིན། དེང་འཛམ་གླིང་ཁྱོན་དུ་སྔོན་མའི་ལོ་རྒྱུས་དང་འབྲེལ་བའི་གནད་དོན་ལ་ཞིབ་འཇུག་བྱེད་སྐབས་དེབ་ཐེར་རྐྱང་པ་ཁོ་ན་ཕན་ཚུན་བསྡུར་བའི་ཐབས་ཙམ་མ་ཡིན་པར། གནའ་རྫས་དང་། གནའ་ཤུལ་ལ་བརྟག་དཔྱད་ཞིབ་བསྡུར་བྱས་ཏེ་དེ་གཉིས་གཅིག་ལ་གཅིག་ཕན་གྱི་སྒོ་ནས་ལོ་རྒྱུས་དངོས་དོན་ལ་བདེན་དཔང་བྱེད་པའི་ཐབས་ལམ་འབའ་ཞིག་ཏུ་སྤྱད་དང་སྤྱོད་མུས་ཁར། དེའི་རིན་ཐང་ཡང་ཇེ་ཆེར་འགྲོ་བཞིན་ཡོད་པ་ནི་ཀུན་གྱི་མཐོང་ཆོས་སུ་གྱུར།   

          ད་བར་ང་ཚོས་ཤེས་རྟོགས་བྱུང་བའི་བཙན་པོའི་སྐབས་ཀྱི་རྡོ་རིང་ཡི་གེ་དང་། བྲག་བརྐོས་ཡི་གེ་སོགས་གྲངས་ཉི་ཤུར་ཉེ་བ་ཞིག་ཡོད་པ་དེ་དག་ལས་སྔ་ཤོས་ནི《ཞོལ་རྡོ་རིང་ཕྱི་མ》དང་། གསལ་ཞིང་ཆ་ཚང་ཤོས་ནི《དབུ་སྟོད་ཞྭ་ལྷ་ཁང་གི་རྡོ་རིང་དང་པོ》ཡིན་ལ། མིང་གྲགས་ཆེ་ཤོས་ནི《དབོན་ཞང་མནའ་ཆིངས་རྡོ་རིང》ཡིན་པས། དེ་ནི་ཡ་གླིང་གི་རྡོ་རིང་ཁྲོད་ནས་གལ་ཆེ་ཤོས་ཀྱི་རྡོ་རིང་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། རྡོ་རིང་ཡི་གི་དང་། བྲག་བརྐོས་ཡི་གེ།    དེ་བཞིན་རྡོ་བརྐོས་ཡི་གེ་དེ་དག་སོ་སོའི་བསྟན་དོན་ཐད་མནའ་ཆིངས་དང་།   དབུ་སྙུང་། བཀའ་གཙིགས་སོགས་རིགས་མི་འདྲ་བ་མང་དུ་ཡོད་རུང་། དེ་དག་བརྗོད་བྱའི་དོན་གྱི་སྒོ་ནས་དབྱེ་ན། ཆོས་དོན་གཙོ་བོར་འཁོད་པའི་རིགས་དང་། སྲིད་དོན་གཙོ་བོར་འཁོད་པའི་རིགས་ཏེ། རིགས་མི་འདྲ་བ་གཉིས་སུ་དབྱེ་ན་ཆོག    རིགས་དང་པོའི་ནང་དོན་གཙོ་བོ་ནི།  “བོད་ཀྱི་བཙན་པོ་རིམ་བྱོན་སྐབས་དམ་ཆོས་བོད་དུ་བསྒྱུར་བའི་གནས་ཚུལ་དང་།   ནང་ཆོས་འཕེལ་འགྲིབ་ཀྱི་གནས་ཚུལ། དམ་པའི་ཆོས་ཀྱི་ཕན་ཡོན།   གཙུག་ལག་ཁང་སོ་སོའི་ལྷ་རྟིན་ཆོས་གསུམ་ནམ་ཡང་མི་བརླག་མི་ཞིག་ཅིང་གཙུག་ལག་ཁང་དང་།   རབ་བྱུང་བར་སྦྱར་བའི་ཡོ་བྱད་མི་དབྲི་མི་བསྐྱུང་བ།   དུས་ནམ་ཡང་སངས་རྒྱས་བསྟན་པ་འགྱུར་བ་མེད་པར་སྤེལ་བ་སོགས་རྒྱོལ་བློན་སྲས་དང་བཙུན་མོ་བཅས་པས་མཉམ་དུ་མནའ་བསྒགས་པའི་གནས་ཚུལ་བཀོད་ཡོད་① པ་སྟེ། 《སྐར་ཆུང་ལྷ་ཁང་གི་རྡོ་རིང》དང་། ་《བསམ་ཡས་གཙུག་ལག་ཁང་གི་རྡོ་རིང》 《ཡུལ་ཤུལ་ཁུལ་གྱི་བཀའ་གཙིགས་བྲག་བརྐོས་མ》ལྟ་བུ་དང་།  རིགས་གཉིས་པའི་ནང་དོན་གཙོ་བོ་ནི་“བཙན་པོ་ཀང་རུང་གི་ཐུན་མིན་ཡོན་ཏན་དང་།  དེའི་ལོ་རྒྱུས་དང་ཚེ་གང་རིང་གི་མཛད་རྗེས་རགས་བསྡུས་ཀྱིས་བརྗོད་པ། བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་བློན་ཆེན་ལ་བླ་ནས་མི་མུས་རྒྱུད་དུ། གཟིགས་བཟོས་ཇི་ལྟར་བྱེད་པ།   བོད་རྒྱ་མི་རིགས་གཉིས་བར་གྱི་འབྲེལ་བའི་སྐོར་སོགས་ཀྱི་མནའ་ཚིག་བཀོད་ཡོད”② པ་སྟེ།《དབོན་ཞང་མནའ་ཆིངས་རྡོ་རིང》དང་། 《ཞོལ་རྡོ་རིང་ཕྱི་མ》 《དབུ་སྟོད་ཞྭ་ལྷ་ཁང་གི་རྡོ་རིང》 《ལྷོ་བྲག་བྲག་བརྐོས་ཡི་གེ》ལྟ་བུའོ།  

          ཡང་བཀའ་གཙིགས་སམ་མནའ་ཆིངས་དེ་དག་ཡིག་རིས་བརྐོས་ཡུལ་མི་འདྲ་བས་ཕྱིའི་རྣམ་པའི་ཐོག་ནས་རྡོ་རིང་ཡི་གེ་དང་། བྲག་བརྐོས་ཡི་གེ། རྡོ་བརྐོས་ཡི་གེ་སྟེ་གསུམ་དུ་བསྡུས་ན་ཆོག་སྟེ། 《ཞོལ་རྡོ་རིང་ཕྱི་མ》དང་། 《འཕྱོངས་རྒྱས་ཟམ་ཆེན་རྡོ་རིང》 《བསམ་ཡས་གཙུག་ལག་ཁང་གི་རྡོ་རིང》 《དབུ་སྟོད་ཞྭ་ལྷ་ཁང་གི་རྡོ་རིང》 《དབོན་ཞང་མནའ་ཆིངས་རྡོ་རིང》《མཚུར་བུའི་རྡོ་རིང》 《སྐར་ཆུང་ལྷ་ཁང་གི་རྡོ་རིང》《ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་རྡོ་རིང》《ཁྲོམ་ཆེན་རྡོ་རིང》 《མངའ་རིས་སྤུ་ཧྲེང་གི་རྡོ་རིང》སོགས་རྡོ་རིང་ཡི་གེའི་ཁོངས་དང་།《ཆབ་མདོ་ལྡན་མའི་བྲག་བརྐོས་ཡི་གེ》དང《ཡུལ་ཤུལ་ཁུལ་གྱི་བཙའ་གཙིགས་བྲག་བརྐོས་མ》《ལྷོ་བྲག་བྲག་བརྐོས་ཡི་གེ》 《རྫོང་དགའི་བྲག་བརྐོས་ཡི་གེ》སོགས་བརྐོས་ཡུལ་བྲག་རིའི་སྟེང་དུ་ཡིན་པས་བྲག་བརྐོས་ཡི་གེའི་ཁོངས། 《ཡུན་ནན་ལི་ཅང་གི་རྡོ་བརྐོས་ཡི་གེ》དང་། 《བྲག་ཡེར་པའི་རྡོ་བརྐོས་ཡི་གེ》 《རྐོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ》སོགས་བརྐོས་ཡུལ་རང་བྱུང་ཕ་བོང་སྟེང་དུ་ཡིན་པས་རྡོ་བརྐོས་ཡི་གེའི་ཁོངས་ཞེས་བརྗོད་དོ།   

          ད་བར་གྱི་རྡོ་བརྐོས་ཡི་གེ་དང་། རྡོ་རིང་ཡི་གེ། བྲག་བརྐོས་ཡི་གེ་ཕལ་ཆེ་བ་དེ་དག་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་། ཁྲི་ལྡེ་སྲོང་བཙན། ཁྲི་རལ་པ་ཅན་བཅས་སྐུ་ཐོག་གསུམ་གྱི་རིང་བྱུང་བ་ཡིན་པས། དེ་དག་དུས་ཚོད་སྔ་ཕྱིའི་སྒོ་ནས་དབྱེ་ན། ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཏེ། སྤྱི་ལོ756 ནས་སྤྱི་ལོ797 བར་བྱུང་བའི་རྡོ་བརྐོས་ཡི་གེ་དང་། ཁྲི་ལྡེ་སྲོང་བཙན་གྱི་སྐབས་ཏེ། སྤྱི་ལོ800 ནས་སྤྱི་ལོ815 བར་བྱུང་བའི་རྡོ་བརྐོས་ཡི་གེ། ཁྲི་རལ་པ་ཅན་གྱི་སྐབས་ཏེ། སྤྱི་ལོ815 ནས་སྤྱི་ལོ841 བར་བྱུང་བའི་རྡོ་བརྐོས་ཡི་གེ་ཞེས་བརྗོད་ཀྱང་ཆོག (འདིར་འཁོད་པའི་རྡོ་བརྐོས་ཡི་གེ་ཞེས་པ་ནི་གོང་གསལ་ཕྱིའི་རྣམ་པ་མི་འདྲ་བའི་ཐོག་ནས་དབྱེ་བའི་རྡོ་བརྐོས་ཡི་གེ་དེ་མ་ཡིན་པར་རྡོ་རིང་ཡི་གེ་དང་། བྲག་བརྐོས་ཡི་གེ་སོགས་ཀྱི་སྤྱི་མིང་ཞིག་ཡིན།) དེ་དག་ལས་མང་ཆེ་བ་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐབས་བྱུང་བ་ཡིན་པས་བཙན་པོའི་གདུང་རབས་ཁྲོད་ནས་གནའ་བོའི་ལོ་རྒྱུས་རྡོ་ལ་བརྐོས་ཏེ་ཕྱིས་རབས་ཀྱི་མིག་རྒྱན་དུ་བཞག་པ་ནི་བཙན་པོ་འདི་ཁོ་ན་མང་ཤོས་ཡིན་ནོ།   

          འདིར་བཙན་པོའི་རྒྱལ་རབས་ཀྱི་མནའ་ཆིངས་དང་། བཀའ་གཙིགས་དེ་དག་བརྗོད་བྱའི་ནང་དོན་དང་། བརྐོས་ཡུལ་གྱི་རྣམ་པ། བརྐོས་པའི་ལོ་དུས་སོགས་མི་འདྲ་བའི་དབང་གིས་དེ་རྣམས་དབྱེ་བསྡུ་རགས་ཙམ་བྱས་པ་དང་འབྲེལ་དེ་དག་གི་རྩ་ཆེའི་རིན་ཐང་མདོར་ཙམ་སྨོས་པས་མདུན་བསུས་ཏེ་བརྗོད་པར་འདོད་པའི་དོན་གྱི་སྙིང་པོ་ནི་རྡོ་བརྐོས་ཡི་གེའི་རིགས་སུ་གཏོགས་པའི་རྐོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་དང་། དེའི་གནས་ཡུལ་མཚམས་སྦྱོར་ཞུ་བ་དང་སྦྲགས་མ་དག་རྒྱུན་འབྱམས་ཀྱི་བཤད་ཚུལ་འགའ་ཞིག་ལ་དག་སེལ་བྱ་རྒྱུ་དེ་ཡིན་ལགས།  

 དང་པོ། རྡོ་བརྐོས་ཡི་གེ་མཚམས་སྦྱོར།  

          ལོ་རྒྱུས་སྨྲ་བ་སུ་ཞིག་གིས་བཙོས་བསླད་བྱས་པའི་དྲི་མས་མ་འགོས་པ་དང་། རྗོད་བྱེད་ཚིག་ཉུང་ངུ་ཞིག་ལས་མེད་རུང་། བརྗོད་བྱའི་ནང་དོན་གསལ་ཞིང་གཙང་བའི་སྒོ་ནས་བསྟན་པའི་གནའ་རབས་རིག་དངོས་ཤུལ་བཞག་གི་གྲས་ཤིག་ཡིན་པའི“རྐོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ”དེ་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐབས་རྐོང་རྗེ་ཀར་པོར་གནང་བའི་བཀའ་གཙིགསཏེ“ནང་དོན་བྲན་གཡོག་ཚུད་པའི་ཐོན་སྐྱེད་རྒྱུ་ཆའི་བདག་དབང་ཡོངས་རྫོགས་དཀར་པོ་རྗེ་མི་མུས་རྒྱུད་བཅས་ལ་འཇགས་གནང་ཆོག་པའི་ཞལ་བཞེས་མནའ་ཡིག་གནང་བའི་འབྲུ་དོན་རྣམས་རྡོ་ལ་བརྐོས་ཏེ་ཁུལ་དེའི་མི་རྣལས་ཀྱིས་ཤེས་སུ་འཇུག་པའི་བཀའ་གཏན་དྲིལ་བསྒྲགས་ཀྱི་དོན་དུ་ཡིན་ཅིང”③ དེ་དག་དུམ་མཚམས་གཉིས་སུ་ཕྱེ་ནས་བསྟན་ཡོད་པ་སྟེ། དུམ་མཚམས་དང་པོའི་ནང(ཡིག་ཕྲེང1-11བར)“ཀོང་དཀར་པོ་རྗེའི་མི་རྒྱུད་ཀྱི་ཆད་ཁུངས་དང་།  མི་ཐོག་སྔོན་མའི་བྱས་རྗེས་རྣམས་རྒྱུ་མཚན་དུ་བཀོད་ཐོག་སྤུ་རྒྱལ་གྱི་མངའ་ཁོངས་ཀོང་པོ་ས་ཁུལ་ནི་སྔར་ནས་དཀར་པོ་རྗེའི་རང་བདག་ས་ཆ་ཡིན་པར་དུས་ཕྱིས་ཁྲལ་རིགས་གསར་འགེལ་བྱེད་པ་རྣམས་སྒྲུབ་རྒྱུག་མི་དགོས་པའི་བཀའ་གཏན་ཞིག་གནང་རོགས་ཞུ་བ་དང་”④ དུམ་མཚམས་གཉིས་པའི་ནང(ཡིག་ཕྲེང12-21བར)“བཙན་པོས་ཞུ་དོན་རྣམས་ཁས་བླངས་པའི་རྣམ་པ་ལ་བརྟེན་ནས་ཀོང་པོ་ས་ཁུལ་གྱི་བདག་དབང་རྣམས་ཀར་པོ་རྗེ་མི་མུས་རྒྱུད་བཅས་ལ་འཇགས་པར་བསྙད་གཙེར་དང་།   ཁྲལ་རིགས་གསར་འགེལ་མི་ཆོག་པ།   ཡབ་ཁྲི་སྲོང་ལྡེ་བཙན་སྐབས་བཀའ་འཁྲོལ་གནང་བ་ལྟར་ལ་སྔར་ལས་ལྷག་པའི་རྒྱབ་གནོན་བྱས་པའི་དོན་འབྲས་རྣམས་བཀོད་ཡོད”⑤ པས་དམངས་ཁྲོད་དུ་རྒྱ་བཟའ་ཀོང་ཇོ་དང་།  བློན་པོ་མགར་སོགས་ཡུལ་དེར་སླེབས་སྐབས་མགར་གྱིས་བཙན་པོ་དང་།  ཀོང་ཇོའི་བར་ཕྲ་མ་བཅུག་སྟེ་བཙན་པོའི་སྙན་ལམ་དུ་ཀོང་ཇོར་དྲི་མི་ཞིམ་པ་ཡོད་ལུགས་དང་། ཀོང་ཇོའི་སྙན་ལམ་དུ་བཙན་པོར་ཤངས་མེད་ལུགས་ཀྱི་རྫུན་གཏམ་ཞུས་པར་བརྟེན་ཁོང་གཉིས་ཐུགས་འཕྲད་མ་བྱུང་བར་ཀོང་ཇོ་ཉིན་འགའ་ཞིག་ས་དེ་གར་གནས་སྡོད་མ་བྱེད་ཀ་མེད་བྱུང་སྟབས་ཐུགས་སེམས་ཤིན་ཏུ་སྐྱོ་ནས་རང་སེམས་མཚོན་བྱེད་དུ་རྡོ་ཡིག་དེ་བརྐོས་པ་ཡིན་ཞེས་པའི་ཤོད་རྒྱུན་ལ་ལོ་རྒྱུས་ཀྱི་ཁུངས་བདེན་ཆེ་བར་མ་མཐོང་ངོ་། 

          རྡོ་བརྐོས་ཡི་གེ་དེ་བཞིན་རང་བྱུང་ཕ་བོང་ཆེན་པོ་ཞིག་གི་ངོས་སུ་རྡོ་རིང་གི་གཟུགས་དབྱིབས་འདྲ་བ་སྟེ་མཐོ་ཚད་ལ་སྨི1.85་དང་།    མགོ་ཞེང་དུ་སྨི1.50   སྨད་དུ་སྨི1. 62ཡོད་པ་འབུར་དུ་བཏོན་པའི་ཐོག་ཡིག་ཕྲེང་ཉེར་གཅིག་ལས་གྲུབ་པའི་མ་ཡིག་རྣམས་བརྐོས་ཡོད། དེའི་ཞབས་རྟེན་གྱི་མཐོ་ཚད་ལ་སྨི0.25 དང་། ཞེང་ཚད་ལ་སྨི1.70ཙམ་ཡོད་པའི་ཐོག་གཡུང་དྲུང་ཆོས་སྐོར་བཅུ་ཙམ་བརྐོས་ཡོད་པ་དེ་ནི་ཕལ་ཆེར་རྡོ་རིང་གི་ཞབས་རྟེན་དུ་གླང་ཆེན་སོགས་བརྐོས་པའི་དོད་ལྟ་བུར་སྣང་ཞིང་། དེའི་བསྟན་དོན་ཡང་བཀའ་གཙིགས་དེ་ཉིད་རྟག་ཏུ་གནས་པ་དང་། འགྱུར་བ་མེད་པ། སྲ་ཞིང་བརྟན་པ་སོགས་བཀྲ་ཤིས་ཡུན་རིང་གནས་པའི་མཚོན་རྟགས་ཤིག་ཡིན་པར་ངེས་ཏེ། 《བོད་རྒྱ་ཚིག་མཛོད་ཆེན་མོ》ལས། “རྟག་པའམ་འགྱུར་བ་མེད་པ་དང་། བཀྲ་ཤིས་པའི་རི་མོའི་བྱེ་བྲག”⑥ཅེས་དང་།《དུང་དཀར་ཚིག་མཛོད》ལས། “བོན་ཆོས་ནས་བྱུང་བའི་མིང་གི་རྣམ་གྲངས་ཏེ། གོ་དོན་ནི་རྟག་ཏུ་གནས་པ་དང་།་ སྲ་ཞིང་བརྟན་པ། འགྱུར་བ་མེད་པ་ཟེར། དེ་རི་མོར་བྲིས་ན་གཡུང་དྲུང་བོན་སྐོར 卐འདི་ལྟ་བུ་དང་། གཡུང་དྲུང་ཆོས་སྐོར卐འདི་ལྟ་བུ་སྟེ་བོད་ཀྱི་སངས་རྒྱས་ཆོས་ལུགས་པས་དེ་ལྟར་འབྲི་སྲོལ་ཡོད”⑦ ཅེས་དང་། ཅིན་ཡུན་ལན་གྱེས卐འདི་ལེགས་སྦྱར་སྐད་དུsrivasaཟེར་ཞིང་། བཀྲ་ཤིས་ཀུན་འཛོམས་ཀྱི་དོན་ཡིན”⑧ ཞེས་དང་། ལྷ་འབྲུག་གིས“བོད་ཀྱི་གདོད་མིས་ཉི་མར་དད་པ་བྱེད་པའི་སྲོལ་ཡོད་དེ《ཀོང་པོ་དེ་མོའི་བཀའ་གཙིགས་བྲག་བརྐོས་མའི》མཇུག་ཏུ། གཡུང་དྲུང་གི་རི་མོ 卐ཡོད་པ་ལས་མཐོང་ཐུབ།  བཀའ་གཙིགས་དེ་ལས་གཡུང་དྲུང་གི་རི་མོ་དེ་བཀྲ་ཤིས་པའམ་རྟགས་བརྟན་མི་འགྱུར་བའི་དོན་མཚོན”⑨ ཞེས་པ་སོགས་ཀྱི་གསུང་དོན་ལས་རྟོགས་ཐུབ་བོ།   

          སྤྱིར་གཡུང་དྲུང་གི་གཟུགས་རིས卐དང卍མི་འདྲ་བ་གཉིས་བྱུང་ལ་སྔ་མར་གཡུང་དྲུང་ཆོས་སྐོར་ཏེ་སངས་རྒྱས་ཆོས་ལུགས་ཀྱི་མཚོན་རྟགས་དང་། ཕྱི་མར་གཡུང་དྲུང་བོན་སྐོར་ཏེ་བོན་པོའི་ཆོས་ལུགས་ཀྱི་མཚོན་རྟགས་སུ་འདོད། གཡུང་དྲུང་བོན་སྐོར་གྱི་ཐོག་མའི་འབྱུང་གཞིའི་སྐོར་ལ“ཉི་མ་ལྟར་འཛིན་པའི་འདུ་ཤེས་འོག་ཉི་མ་མཚོན་བྱེད་ཀྱི་རི་མོ*འདི་རིམ་བཞིན+འདིར་འགྱུར་བ་དེ་ལས་གཡུང་དྲུང་གི་རི་མོ卐འདི་བྱུང་བར་འདོད་པ”⑩དང་།   ཡང“མཐོ་བོད་བོད་མི་རྣམས་ཀྱིས་ཆེས་ཐོག་མའི་ས་རིས་མཚོན་བྱེད་ཀྱི་ཡིག་རིགས་ཤིག་ཡིན་འདྲ་བར་འདོད་པ”⑾“ཐོག་མར་རྒྱ་གར་དང་། ཨའོ་གླིང་དུ་བྱུང་ཞིང་། སྤྱི་ལོའི་དུས་་རབས་བཞི་པའི་ནང་ཀྲུང་གོར་དར་བར་འདོད་པ”⑿སོགས་མི་མཐུན་པ་འགའ་སྣང་ཡང་།  གནའ་རྫས་རྟོག་ཞིབ་པས་ཀན་སུའུ་དང་། མཚོ་སྔོན་ས་ཁུལ་ནས་རྙེད་པའི་རྫ་ཆས་སྟེང་དུ卐བརྡ་རྟགས་འདི་ཐོན་པར་ལོ་ངོ་སྟོང་ཕྲག་དྲུག་བདུན་ཕྱིན་ཚར་བའི་ཆོད་སྡོམ་བཞག་ཡོད་པས་གཡུང་དྲུང་བོན་སྐོར་དེ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་བརྡ་རྟགས་ཤིག་ཡིན་པ་ཤེས་ཐུབ།  གཡུང་དྲུང་ཆོས་སྐོར་དེ་ནི་སངས་རྒྱས་ཆོས་ལུགས་བོད་དུ་དར་བའི་རྗེས་གདོད་མ་ནས་བཟུང་དར་ཁྱབ་བྱུང་ཟིན་པའི་བོན་གྱི་ཆོས་ལུགས་བར་རྣོ་ངར་ཅན་གྱི་འཐབ་རྩོད་བྱས་མཐར་བོན་བསྣུབས། འོན་ཀྱང་། བོན་བསྣུབས་པ་དང་མཉམ་དུ་བོན་གྱི་ལུགས་ལས་བརྒྱུད་པའི་གོམས་སྲོལ་ཡོད་ཚད་མེད་པར་རྒྱུར་ཐུབ་མེད་པ་ནི་ལྷ་གསོལ་བསང་གཏོང་གི་སྲོལ་རྒྱུན་ད་བར་གནས་པ་ལས་ཀྱང་དཔོག་ནུས། དེས་ན་སངས་རྒྱས་ཆོས་ལུགས་དར་སྤེལ་བྱེད་པའི་ཁྲོད་གཅིག་ནས་བོན་ཆོས་དང་འཐབ་རྩོད་བྱས་ལ། གཉིས་ནས་བོན་ཆོས་ལ་སྙིགས་དོར་བཅུད་ལེན་བྱས་ཡོད་པར་བརྟེན། གཡུང་དྲུང་བོན་སྐོར་དེ་ཡང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་རིམ་བཞིན་སངས་རྒྱས་ཆོས་ལུགས་པས་དང་ལེན་བྱས་པ་བརྒྱུད་གཡུང་དྲུང་ཆོས་སྐོར卐འདི་བྱུང་བར་སེམས་སོ། །     

གཉིས་པ། རྡོ་བརྐོས་ཡི་གེའི་གནས་ཡུལ།   

          རྡོ་བརྐོས་ཡི་གེ་དེ་ནི། དེང་ཉིང་ཁྲི་ས་ཁུལ། ཉིང་ཁྲི་རྫོང་། སྨད་རི(སྨན་རི)ཤང་།  གཡུང་དྲུང་འཛིན་གྲོང་ཚོའི་ཉེ་འགྲམ་དུ་རང་བྱུང་ཕ་བོང་ཆེན་པོ་ཞིག་གི་ལྷོ་ནུབ་ངོས་སུ་བརྐོས་ཡོད། དེ་ཉིད་ཉི་འོད་དང་ཆར་རླུང་གི་གནོད་འཚེ་ཕོག་ཚད་ཆུང་བའི་བྱ་སྐྱིབས་ལྟ་བུའི་འོག་གནས་ཡོད་པར་བརྟེན་ཡིག་འབྲུ་རྣམས་ཀྱང་སྤྱིར་བཏང་ནས་གསལ་པོ་ཡོད། གྲོང་ཚོ་དེ་ནི་ཉིང་ཁྲི་རྫོང་ནས་བར་ཐག་སྤྱི་ལེ་ཉི་ཤུའི་སར་གནས་ཡོད་ཅིང་། ལམ་བར་དུ་སྟག་རྩེ་དང་། བང་སྣ། རྐོང་རྗེ་ཀར་པོའི་གནས་ཡུལ་རྐོང་ཡུལ་བྲེ་སྣ་སོགས་ཀྱི་ཡུལ་གྲོང་བརྒྱུད་དགོས། གཡུང་དྲུང་འཛིན་ཞེས་པའི་གྲོང་མིང་དེ་བཞིན་གསར་དུ་བྱུང་བ་ཞིག་མ་ཡིན་པར།  དེ་ནི་སྟོན་པ་གཤེན་རབ་ཀྱི་དུས་ཙམ་ནས་བྱུང་བར་གྲགས་ཏེ། གནའ་སྔ་མོ་རྐོང་ཡུལ་དུ་བདུད་ཆེན་ཁྱབ་པ་ལག་རིང་ཞེས་ཤིན་ཏུ་གདུག་རྩུབ་ཆེ་བ་ཞིག་ཡོད་པས། དེས་རྐོང་ཡུལ་རྣམས་སྣུབ་པར་འདོད་དེ་ཆུ་རླུང་ཆེན་པོ་བཏང་། སྟོན་པ་གཤེན་རབ་མི་བོ་ཆེས་རྡོ་ལེབ་ཆེན་པོ་ཞིག་གི་སྟེང་དུ་གཡུང་དྲུང་གི་གཟུགས་རིས་བྲིས་ཏེ་དེའི་སྟེང་སྟོན་པ་འཁོར་དང་བཅས་པ་བཞུགས་ནས་ཆུ་བོའི་ཕྲེད་དུ་བཅད་པས་ཆུ་ཀླུང་དེ་ཡང་དེ་ནས་མར་ཡོང་མི་ཐུབ་པ་བྱུང་། དེ་རྗེས་གཤེན་རབ་མི་བོ་ཆེས་རྡོ་ཆེན་དེ་ཆུ་ཀླུང་འགོག་སའི་ཉེ་འགྲམ་དུ་བཞག་པ་ལ། དུས་ཕྱིས་དེར卐གྲོང་ཚོ་ཆགས་ཤིང་གྲོང་ཚོའི་མིང་ལ་གཡུང་དྲུང་འཛིན་ཞེས་ཐོབ་པ་ཡིན་ནོ་ཟེར། དེ་ནི་སྟོན་པ་གཤེན་རབ་ཀྱིས་རྐོང་ཡུལ་དུ་བདུད་དང་མཐུ་རྩལ་འགྲན་པའི་མཛད་པ་དག་དང་འབྲེལ་བ་མེད་དམ་སྙམ། གྲོང་ཚོ་དེ་ནས་ཤར་ཕྱོགས་སུ་སྤྱི་ལེ་བཅོ་ལྔ་ཙམ་སོང་ན་གཞི་ནས་དེ་མོར་སླེབས་ཀྱི་ཡོད། དེ་མོ་ཞེས་པ་གནས་རི་གྲགས་ཅན་ཞིག་གི་མིང་ཡིན་ཞིང་། རི་དེར་གནས་པར་གྲགས་པའི་ལྷ་དེའི་མཚན་ལ་རྐོང་བཙུན་དེ་མོའམ་རྐོང་བཙུན་དེ་ལེགས་ཞེས་འབོད་ལ། མཚམས་རེ་རྐོང་པོའི་ས་བདག་ཅེས་ཀྱང་ཟེར་གྱི་ཡོད། གནས་རི་དེའི་གཤམ་འོག་ཏུ་གནས་པའི་གྲོང་སྡེར་དེ་མོ་གྲོང་ཚོ་ཟེར་ཞིང་། 1986 ལོའི་སྔོན་དུ་དེ་མོ་ཀུང་ཧྲེ་ཡིན།   དེ་སྐབས་ཉིང་ཁྲི་རྫོང་ལ་ཆུས4 དང་། གྲོང་བརྡལ1 ཀུང་ཧྲེ27 ཡོད་པ་ལས། སྨད་རི་ཆུས་ཀྱི་ཁོངས་སུ་དེ་མོ་ཀུང་ཧྲེ་དང་། སྨད་རི་ཀུང་ཧྲེ། གང་ཕྱོགས་ཀུང་ཧྲེ། མི་ཉག་སྨད་ཀུང་ཧྲེ་བཅས་བཞི་ཡོད་ཅིང་། གཡུང་དྲུང་འཛིན་དེ་ཡང་གང་ཕྱོགས་ཀུང་ཧྲེའི་ཁོངས་ཀྱི་ཐོན་སྐྱེད་རུ་ཁག་ལྔ་པ་ཡིན།   

          1986ལོར་“ཆུས་སྒྱུར་ཤང་འཛུགས”ཀྱི་སྒྲིག་གཞི་གསར་བཟོ་བྱས་རྗེས་སྨད་རི་ཆུས་དེ་སྨད་རི་ཤང་དུ་བསྒྱུར་བ་དང་འབྲེལ་དེ་སྔའི་སྨད་རི་ཀུང་ཧྲེ་དང་། གང་ཕྱོགས་ཀུང་ཧྲེ། མི་ཉག་སྨད་ཀུང་ཧྲེ་སོགས་ཀྱང་སྨད་རི་གྲོང་ཚོ་དང་། གང་ཕྱོགས་གྲོང་ཚོ། མི་ཉག་སྨད་གྲོང་ཚོར་བསྒྱུར་བ་མ་ཟད། གཡུང་དྲུང་འཛིན་སོགས་དེ་སྔའི་ཐོན་སྐྱེད་རུ་ཁག་འགའ་ཞིག་ཀྱང་གྲོང་ཚོར་བསྒྱུར་སྟབས་ཁྱོན་སྨད་རི་ཤང་གི་ཁོངས་སུ་གྲོང་ཚོ19 ཆགས་ཡོད།་(ཞིབ་ཕྲ1989.8 པར་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ནང་ཁུལ་འགྲེམས་སྤེལ་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁུལ་བསྡུས་དེབ་ལ་གསལ།)དེར་བརྟག་ན། གཡུང་དྲུང་འཛིན་དེ1986 ལོའི་སྔོན་དུ་སྨད་རི་ཆུས་གང་ཕྱོགས་ཀུང་ཧྲེའི་ཁོངས་དང་། 1986ལོའི་རྗེས་སྨད་རི་ཤང་གི་ཁོངས་སུ་གཏོགས་པའི་གྲོང་ཚོ་ཞིག་ཡིན་ངེས་པ་ལས། དེ་མོའི་ས་ཁོངས་གཏན་ནས་ཡིན་བཟོ་མི་འདུག་ཀྱང་། དབང་རྒྱལ(王尧)ལགས་ཀྱིས1982ལོར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སོའི་ནང་ཡོད་པའི་རྡོ་བརྐོས་ཡི་གེ་དེའི་དཔར་གཞིར་བརྟེན་ནས་སྒྱུར་སྒྲིག་གནང་བའི《吐番金石录》ནང“此为摩崖刻石,坐落在工布第穆萨,故名之为工布第穆萨摩崖刻石。”ཞེས་དེ་མོའི་ས་ཁོངས་སུ་ཡོད་ཚུལ་གསུངས་པར་བརྟེན། རྒྱལ་ནང་གི་གནའ་ཡིག་ལ་དཔྱད་ཞིབ་དང་དོ་འཁུར་གནང་མཁན་མཁས་དབང་རྣམ་པས་ཀྱང་གསུང་ཚུལ་དེ་ཉིད་ལུང་ཚད་མ་ལྟ་བུ་ཞིག་ཏུ་ངོས་འཛིན་གནང་སྟེ“ཀོང་པོ་དེ་མོ་ས་ཁུལ་གྱི་བྲག་བརྐོས་ཡི་གེ”⒀དང་། “ཀོང་པོ་དེ་མོའི་བྲག་བརྐོས་ཡི་གེ”⒁ “ཀོང་པོ་དེ་མོའི་བཀའ་གཙིགས་བྲག་བརྐོས་མ་⒂ “དེ་མོ་ཀོང་དཀར་གྱི་བྲག་བརྐོས་ཡི་གེ”⒃ ཞེས་པ་སོགས་དེ་མོར་ཡོད་ཤག་གིས་དེ་ལྟར་འགོད་རྐྱང་གནང་བ་ལས་དངོས་སུ་དེ་མོར་ཡོད་མེད་ལ་དོགས་གཞི་ཡོད་ཁུལ་གྱི་དཔྱད་གཏམ་གནང་མཁན་ནི་ཉི་མོའི་སྐར་མ་དང་གཉིས་སུ་མེད་པར་སྣང་། ལྷག་པར་དུ་ཤི་ཨན་ཐིག་རིས་བརྡ་འཕྲིན་སྤྱི་ཁྱབ་འབབ་ཚུགས་དང་གོ་ལའི་ས་རིས་དཔེ་སྐྲུན་ཁང(西安测绘信息总站,星球地图出版社)གཉིས་ནས2002.1པོར་བཟོས་པའི་བོད་རང་སྐྱོང་ལྗོངས་ཀྱི་ས་རིས(དཔར་སློག་བརྒྱབ་པའི་ས་རིས་དང་པོར་གཟིགས)ནང་དུའང་རྡོ་བརྐོས་ཡི་གེ་དེ་ཉིད་དེ་མོ་རང་དུ་ཡོད་ཚུལ་གསལ་པོར་བཀོད་འདུག་པས་དེ་ལས་འགལ་འཛོལ་ཆེ་བ་ཞིག་གང་ན་ཡོད་དེ་མེད་དོ།  དེས་ན། ཁོ་བོས་ས་ཡུལ་དངོས་ལ་བརྟག་ཞིབ་དང་འབྲེལ་གནའ་རྫས་རིག་པའི“ཡུལ་ལུང་གྲོང་ཚོ་སོགས་གང་ཉེ་བའི་ས་ནས་མིང་གདགས་དགོས”པའི་རྩ་དོན་ལྟར། རྡོ་བརྐོས་ཡི་གེ་དེ་བཞིན་ཤར་གྱི་གཞུང་ཐིག94.32 དང་། བྱང་གི་ཕྲེད་ཐིག29.28 སར་གནས་པའི་གཡུང་དྲུང་འཛིན་ལ་ཡོད། (ཁོ་བོས་བྲིས་པའི་ས་རིས་གཉིས་པར་གཟིགས)དེ་ནས་བར་ཐག་སྤྱི་ལེ་བཅོ་ལྔ་ཙམ་ཆོད་པའི་དེ་མོར་མེད་གཏན་ཡིན་པའི་དངོས་དོན་འདི་གཞིར་བཟུང་དེར་རྐོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་ཞེས་མིང་བཏགས་པ་ཡིན། ཡང་། ཕྱི་རྒྱལ་དུ་བོད་རིག་པའི་ཞིབ་འཇུག་པ་རི་ཅར་སེན(H. E. RICHARDSON )གྱིས་བདུད་འཇོམས་རིན་པོ་ཆེའི་མདུན་ནས་རྡོ་བརྐོས་ཡི་གེ་དེའི་མ་ཕྱི་འདྲ་བཤུས་བྱས་པ་ཞིག་བྱུང་བ་དེར་གཞི་བརྟེན་བྱས་ཏེ1954ལོརThe Rkong - Po  Inscriptionཞེས་པའི་དཔྱད་རྩོམ་ཐོག་མར་སྤེལ་རྗེས་ལཱི་ཧྥང་ཀུད(Fang guei - Li)དང་ཡུ་པཱ་ཁེ(Uebach)ཡིས་ཀྱངThe Rkong-po Inscriptionཞེས་རྐོང་པོར་ཡོད་ཚུལ་ཙམ་གསུངས། གསུངས་ཚུལ་དེ་ཡང་དེང་གི་ཆར་ཉིང་ཁྲི་ས་ཁུལ་ཡོངས་ཀྱི་སྤྱི་མིང་ལ་གོ་བ་ལྟ་བུའི་ཐ་སྙད་ཞིབ་ཆ་མེད་པ་འདྲ་ཞིག་སྣང་རུང་།  རྡོ་བརྐོས་ཡི་གེ་དེ་ཉིད་རྐོང་ཇེ་ཀར་པོའི་གནས་ཡུལ་རྐོང་ཡུལ་བྲེ་སྣ་དང་ཉེ་བའི་སར་ཡོད་པས་དེ་ལྟར་སྨྲས་པ་ལ་རྒྱུ་མཚན་གཏན་ནས་མེད་པ་མིན་ནོ་སྙམ།   

          གཞན་ཡང་། བཀའ་གཙིགས་དེ་ཉིད་ཟེར་སྒྲོས་དང་ཐོས་སྒྲོས་ཙམ་མ་ཡིན་པར་དུས་དེང་གི་བར་དུའང་རང་བྱུང་གི་ཕ་བོང་ཆེན་པོ་ཞིག་གི་ངོས་སུ་བརྐོས་པ་མིག་མཐོང་ལག་ཟིན་དུ་ཡོད་རུང་དེར“བཀའ་གཙིགས་བྲག་བརྐོས་མ”ཞེས་པ་ལ་སོགས་པའི་མིང་བཏགས་པས་བཀའ་གཙིགས་ཀྱི་ཡི་གེ་དེ་རྣམས་བྲག་རི་གཡང་གཟར་ངོས་སྙོམས་མ་ཞིག་གི་སྟེང་དུ་བརྐོས་ཡོད་པ་ལྟ་བུའི་གོ་འཛོལ་འཆར་ཉེན་བྱུང་ཞིང་། དེ་ལྟ་བུའི་མིང་འདོགས་དེ་དག་ཀྱང་དང་ཐོག《吐番金石录》ནང་འཁོད་ཀྱི(摩崖刻石)ཞེས་པའི་རྒྱ་ཡིག་གི་ཐ་སྙད་དེ་རང་བོད་ཡིག་ཏུ་ཐད་སྒྱུར་བྱས་པ་ལས་བྱུང་ཞིང་རྗེས་སུ་ཕྱི་མ་ཕྱི་མས་སྔ་མ་སྔ་མའི་གསུང་རྒྱུན་དེ་དག་དེབ་ཐོག་ནས་ཕར་བཤུ་ཚུར་གསབ་བྱ་རྒྱུའི་ལས་ལ་བྲེལ་བ་ཙམ་ལས་དངོས་ཡོད་གནས་ཚུལ་ལ་དོ་སྣང་དང་། བརྟག་ཞིབ་བྱ་རྒྱུ་སྣང་ཆུང་དུ་སོང་རྐྱེན་བྲག་དང་ཕ་བོང་ཁྱད་མེད་དུ་བརྗོད་པའི་མཐའ་འབྲས་དེ་ལྟ་བུ་ཞིག་བྱུང་བ་ཡིན་ལགས། སྟབས་ལེགས་པ་ཞིག་ལ་མཁས་དབང་ཆབ་སྤེལ་མཆོག་གིས་སྤྱི་ལོ1985 ལོའི《བོད་ལྗོངས་ཞིབ་འཇུག》དེབ་གཉིས་པའི་ནང་བཀའ་གཙིགས་དེའི་ནང་གསལ་དོགས་གནད་འགའ་ཞིག་ཐད་དཔྱད་གླེང་གནང་སྐབས་མཚན་བྱང་དུ“ཀོང་པོ་དེ་མོའི་རྡོ་བརྐོས་ཡི་གེའི་སྐོར་གླེང་བ”ཞེས་བྲག་བརྐོས་ཡི་གེ་མ་ཡིན་པའི་གསལ་ཁ་ཞིག་བཏོད་གནང་མཛད་ཡོད་པ་དེ་ནི་མཁས་དབང་མཆོག་གིས་བཀའ་གཙིགས་གནས་ཡུལ་དངོས་ལ་བརྟག་ཞིབ་དང་། ཚད་མཐོའི་འགན་འཁུར་གནང་བའི་དན་རྟགས་ཤིག་ཡིན་པར་མངོན་ནོ།   

          མདོར་ན། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་མིང་འདོགས་པའི་དགོས་པ་ནི་གཞན་དང་མ་ནོར། མི་བཟློས་པ་དང་། དབང་པོ་རྣོན་པོས་དེ་ལ་བརྟེན་ནས་བརྗོད་བྱ་རགས་པ་རྟོགས་ཐུབ་པའི་ཆེད་དུ་ཡིན་པ་ལས་འཇིག་རྟེན་པ་དག་ལ་གོ་འཛོལ་དང་། མགོ་ཪྙོག འཁྲུལ་སྣང་སོགས་ཡོང་རེའི་སླད་དུ་མ་ཡིན་ན། ཁོ་དོས་བཀའ་གཙིགས་གནས་ཡུལ་དངོས་དང་། བཀའ་གཙིགས་བརྐོས་ཡུལ་གང་ཡིན་ལ་ས་ཡུལ་དངོས་ཀྱི་རྟོག་ཞིབ་བྱས་པ་བརྒྱུད“རྐོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ”ཞེས་འབྲི་བར་འདོད་པ་ལ་ལུང་རིགས་ཀྱི་གནོད་པ་ཨེ་ཡོད་སྙམ་རུང་། བསམ་གྲོས་བསྡུ་ལེན་དང་། དགེ་སྡུད་སྐྱོན་སྤང་། བསྐྱར་བཅོས་ཡང་བཅོས་ཡོང་རྒྱུར་དམིགས་མཁྱེན་ལྡན་རྣམ་པས་རིན་བྲལ་རྩ་ཆེའི་བཀའ་སློབ་ཆུ་མོའི་རྒྱུན་བཞིན་གནང་རོགས་ཞུ། །   

མཆན་འགྲེལ།   

          ①②《བོད་ལྗོངས་ཞིབ་འཇུག》2002.4  P21 ཡིག་ཕྲེང14-21.29-33   ③④⑤《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》P176ཡིག་ཕྲེང6-9   

          ⑥《བོད་རྒྱ་ཚིག་མཛོད་ཆེན་མོ》P2624   

          ⑦《དུང་དཀར་ཚིག་མཛོད་ཆེན་མོ》P1877ནང་གསལ།   

          ⑧⑾⑿《མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》1997དེབ3 རྒྱ་ཡིགP35ཡིག་ཕྲེང4.206-7   

          ⑨⑩《བོད་ལྗོངས་ཞིབ་འཇུག》2000.2 P50ཡིག་ཕྲེང17-20.26-28   

          ⒀《བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང》P77ནང་གསལ།   

          ⒁《བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ》P22   

          ⒂《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》P189  

           ⒃《བོད་བཙན་པོའི་སྐབས་ཀྱི་རྡོ་རིང་དང་དྲིལ་བུའི་བཀའ་གཙིགས་གཅེས་བསྡུས》སྣུམ་པར་ལག་བྲིས་མ།



  • ལེ་ཚན་སྔོན་མ།:བོན་དར་ནུབ་ཀྱི་བྱུང་བ་བརྗོད་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།