གོང་རིམ་ནསAརིམ་པའི་ལྗོངས་ཁུལ་དོ་དམ་བྱེད་ཐབས་འདི་འདྲ་བྱས།

ཨོ་རྒྱན་གྱིས་བསྒྱུར།        2021-05-11

      ཉིན་ཤས་གོང་ལ། རིག་གནས་དང་ཡུལ་སྐོར་པུའུ་ཡི་གཞུང་དོན་ཐིང་གིས《Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་བདེ་འཇགས་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་ནས་ས་གནས་ཁག་གིསAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད། 

     《བརྡ་ཐོ》ལས། ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་དགོས། ས་གནས་ཁག་གིས་ཁོངས་གཏོགས་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཞིང་། རིམས་ནད་ཀྱི་དུས་བབ་ལ་སྔོན་དཔག་དང་ཉེན་སྔོན་འགོག་བྱ་རྒྱུར་ཤུགས་རྒྱག་རྒྱུ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དང་བྱ་ཐབས་ལེགས་སྒྲིག་བྱེད་པ། Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གནད་སྨིན་ངང་ཡག་པོ་བསྒྲུབ་རྒྱུ་བཅས་བྱ་དགོས། Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ《ཡུལ་སྐོར་ལྗོངས་ཁུལ་སྒོ་དབྱེ་སླར་གསོ་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་ཀྱི་ཕྱོགས་སྟོན(2021ལོའི་ཟླ3པར་བཟོ་བཅོས་རྒྱག་པ)》གྱི་བླང་བྱ་ལྟར་མཛེས་ལྗོངས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་དང་མཛེས་ལྗོངས་ཁུལ་གྱི་སྔོན་འགོག་ཚོད་འཛིན་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་བྱ་དགོས། ལས་བཟོ་པའི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་དང་དོ་དམ་བྱེད་པར་ཤུགས་རྒྱག་དགོས། ཡུལ་སྐོར་བས་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་བརྩི་སྲུང་དང་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཞོགས་འདེགས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་པ་ཡོད་པ་རེད། 

     《བརྡ་ཐོ》ལས། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་བདེ་འཇགས་གསོ་སྦྱོང་། འཕྲལ་སྡོམ་ནང་སྦྱོང་བཅས་ལ་དམ་འཛིན་ཡག་པོ་བྱ་དགོས། Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱིས་ཡུལ་སྐོར་བའི་འགྲོ་འོང་ལ་དོ་དམ་ཚོད་འཛིན་བྱེད་པའི་ཇུས་གཞི་བཟོ་རྒྱུར་མཛུབ་ཁྲིད་བྱས་ནས་ལྗོངས་ཁུལ་གྱི་བདེ་འཇགས་དྲན་སྐུལ་དང་། ཉེན་ཟོན་མཚོན་རྟགས། བདེ་འཇགས་འགོག་སྲུང་སྒྲིག་བཀོད་བཅས་འཐུས་ཚང་དུ་གཏོང་བ་དང་། འབྲེང་ལམ་དང་འབྲེང་འཁོར་སོགས་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། མེ་སྐྱོན་གྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་རྒྱག་པ་བཅས་དང་། ཆུ་བྲུག་པའི་དུས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས་ལྗོངས་ཁུལ་གྱི་འཕྱོ་གཡེང་དང་། ཆུ་བསྐྱལ། ཡུལ་སྐོར། ཡུལ་སྐོར་གྲུ་གཟིངས་སོགས་རྣམ་གྲངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་དམ་འཛིན་ཡག་པོ་བྱས་ནས་བདེ་འཇགས་འགན་ལེན་གྱི་བྱ་ཐབས་དོན་འཁྱོལ་བྱེད་པ། གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་བབ་བསྟུན་གྲབས་འཆར་བཟོ་བ། བདེ་འཇགས་གསོ་སྦྱོང་དང་འཕྲལ་སྡོམ་ནང་སྦྱོང་བྱས་ནས་ལས་བཟོའི་བདེ་འཇགས་འདུ་ཤེས་དང་རྩལ་ནུས་ཆེ་རུ་གཏོང་བ་དང་། ལས་འཛོལ་འཕྲལ་སྡོམ་དང་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལྗོངས་ཁུལ་གྱི་འཕྲལ་སྡོམ་ཐག་གཅོད་ཀྱི་དངོས་འཐབ་ནུས་པ་ཆེ་རུ་གཏོང་དགོས་ཚུལ་བསྟན་ཡོད་པ་རེད། 

     《བརྡ་ཐོ》ལས། བདེ་འཇགས་འགན་འཁྲི་ནན་དུ་གཏང་དགོས། ས་གནས་ཁག་གིས་ཁོངས་གཏོགས་དོ་དམ་གྱི་འགན་འཁྲི་དང་། སྡེ་ཚན་གྱི་ལྟ་དམ་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་དོན་འཁྱོལ་བྱ་དགོས། རྣམ་པ་གསར་གཏོད་ཀྱིས་ཡུལ་སྐོར་ལྗོངས་ཁུལ་གྱི་བདེ་འཇགས་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་མི་མངོན་པའི་རྐྱེན་ངན་ཤེས་རྟོགས་ཐུབ་ཚེ་དུས་ཐོག་ཏུ་ཐག་གཅོད་བྱ་དགོས་ཞེས་བསྟན་ཡོད་པ་རེད།



  • ལེ་ཚན་སྔོན་མ།:ཕལ་པའི་ལེའུ།
  • ལེ་ཚན་རྗེས་མ།:ཟག་མེད་ཀྱི་གླུ།