ཅོང་བརྡ།

བྲན།        2021-04-30

མི་ཚེ་དར་དཀར་ཡུག་གཅིག་གི།

བྱ་བྱེད་ཆུ་ཡི་གཉེར་མ་བཞིན།།

འཆི་བའི་ཉེན་བརྡ་ནམ་འབྱོར་མིན།།

རྟོགས་པར་དཀའ་བ་ཐུགས་ལ་ཞོག།

འབྱོར་ན་དགྲ་ཡང་གྲོགས་སུ་སླེབས།།

རྒུད་ན་གཉེན་ཡང་རྒྱང་ལ་བཀྱེད།།

དར་རྒུད་ལས་ཀྱི་འཇིག་རྟེན་ནས།།

དགྲ་གཉེན་སུ་ལ་བློ་རེ་གཏོད།།

དབྱིངས་ཀྱི་ཟླ་བ་ཁེར་འགྲོ་མའི།།

ཟུར་མིག་རྣོ་བའི་འཛུམ་ཞལ་ལ།།

བསིལ་བའི་དཔལ་དང་ལྡན་ནའང་།།

པདྨོ་འཆི་བའི་བརྡ་ཡིག་བབས།།

དོགས་པའི་ཞེ་ལ་འཁོར་བ་ཡི།།

འཆིང་བྱེད་ཕྲ་རྒྱས་དུག་གི་ཇ།།

མ་རྟོགས་སྲོག་གི་གཤེད་མ་རུ།།

སྡང་ལ་སྐྲག་མཁན་ཉུང་འདི་ཅི།།

སྟོན་དང་བསྟན་པའི་དེ་ཉིད་གང་།།

མཁྱེན་པར་རློམས་པའི་རྟོག་གེ་བ།།

གླང་ཆེན་གསོད་པའི་གྲོག་མའི་ཟླར།།

བཞེངས་པའི་ངང་ཚུལ་བག་རེ་བྲོ།།

འགའ་ཞིག་དམ་པའི་ཡོན་ཏན་དྲི།།

ལེན་པར་རྐང་བ་དྲུག་པ་བཞིན།།

ཁ་ཅིག་སྤྲེའུའི་རྣམ་འགྱུར་འཛིན།།

མདོར་ན་ཕལ་དང་དམ་པའི་ཁྱད།།

སྣང་དང་མ་སྣང་ཚད་ཡིན་ན།།

དཔྱད་གསུམ་ཚད་མས་ཅི་བྱ་ཞེས།།

བདེན་པའི་མཐའ་ལ་དཔྱད་པ་ན།།

རང་ཉིད་རང་གི་ཚད་འགྱུར་གྲང་།།

འདི་ལྟར་བསམ་གཞིག་ཉི་མའི་ཟེར།།

ཕྱོགས་ཙམ་འཕྲོས་པའི་བློ་མིག་ལས།།

རང་ཉིད་མཐོང་བའི་ཆེད་དུ་སྦྱར།།

རང་སྐྱོན་མཐོང་བར་བྱིན་གྱིས་རློབས།།

  • ལེ་ཚན་སྔོན་མ།:སྐྱེལ་ཕུལ་ཆང་དམ་གང་།
  • ལེ་ཚན་རྗེས་མ།:བརྩེ་བ་ནི་ལན་ཆགས་ཤིག་གི་སྔོན་འགྲོ་རེད།