སློབ་བུ་རྣམས་ལ་སྤྲིངས་པའི་འཕྲིན།

དཀོན་མཆོག་མཚོ།        2021-04-06

དུས་རབས་གསར་རྙིང་བརྗེ་བའི་དཀྱོགས་མཚམས་ནས༎

དུས་ཀྱི་འགྲོས་དང་བསྟུན་པའི་དེང་རབས་པ༎

རིག་པ་དོན་དུ་གཉེར་བའི་ན་གཞོན་ཚོས།།

སྙིང་ནས་སྤྲིངས་པའི་འཕྲིན་ཡིག་འདི་ལ་གསོན།།

ལྷག་བསམ་དཀར་པོ་གངས་ཀྱི་རང་མདངས་ཅན༎

སྙིང་སྟོབས་དམར་པོ་ཟུངས་ཁྲག་དྭངས་མའི་མདོག །

རིག་གནས་འདོད་འཇོ་རིན་ཆེན་ནོར་བུ་གསུམ༎

འབྲལ་མེད་འགྲོགས་པའི་ལས་ལ་བརྩོན་པ་སྐྱེད༎

ཚ་གྲང་དཀའ་སྡུག་བརྒྱུད་པའི་ལག་རྗེས་ལས༎

ཕྱི་རབས་ན་གཞོན་ཚོ་ཡི་སྐལ་བ་རུ།།།

ཕུན་ཚོགས་རིག་གནས་བྲག་ལྟར་སྤུངས་པ་ཡི།།

སྔོན་བྱོན་ལོ་པཎ་རྣམས་ཀྱི་དྲིན་ལ་སོམས༎

དེང་སང་མཁས་འདོད་སྙེམས་པ་ཁ་ཅིག་གིས༎

སྲོལ་རྒྱུན་རྙིང་པ་མཁོ་མེད་འདོར་དགོས་ཞེས༎

དངོས་སམ་བརྒྱུད་ནས་སྐད་ཆ་བཤད་ན་ཡང་༎

འགྱུར་མེད་སྒེར་ཚུགས་ལྟ་བ་འཛིན་ལ་གཅེས༎

སྙན་གྲགས་འཛམ་གླིང་ཁྱབ་པ་དུ་མ་ཡིས༎

མེས་པོ་རྣམས་ཀྱི་བསམ་པའི་དཔལ་ཡོན་ལ༎

བསྟོད་བསྔགས་ལྷུག་པོར་བསྩལ་བའི་གཟི་འོད་ཀྱིས༎

འཛམ་གླིང་ཡང་རྩེར་སོན་པའི་ཚུལ་ལ་ལྟོས༎

རིག་གནས་མང་པོ་ངག་ནས་གླེང་ཤེས་ལ༎

ཡུལ་སྲོལ་སྣ་མང་དེ་གར་གཏོང་ཤེས་ཀྱང་།།

ཡ་རབས་དམ་པའི་སྲོལ་བཟང་ཡོད་ཚད་ནི།།

ཡལ་བར་མ་དོར་སྙིང་གི་དཀྱིལ་དུ་ཟུངས༎

  • ལེ་ཚན་སྔོན་མ།:འཕགས་མ་དབྱངས་ཀྱི་རྒྱལ་མོ།
  • ལེ་ཚན་རྗེས་མ།:སྙན་ངག