རང་ཉིད་ལ་བལྟས་པ།

སྦྲ་དུངས་སེམས།        2021-04-02

དུས་ཚོད་ཀྱི་ཐག་སྒྲ།

སྐད་ཅིག་ལའང་མི་སྡོད་པར་མདུན་དུ་བསྐྱོད།

ངའི་ལུས་ཀྱི་མགོ་མཇུག་བར་གསུམ།

མི་སྡུག་པའི་རི་མོ་སྣ་ཚོགས་བཀྲ་བར་བརྩམས།

ཐ་ན་འཆི་བདག་གི་ཕོ་ཉ་དེའང་མི་མངོན་པའི་ཚུལ་དུ།

ང་ཡི་གམ་དུ་སྦས་ནས་ཡོད་པས།

འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བ་དེ།

དོན་ལ་གནས་པའི་སྐད་ཆ་ཞིག་ཏུ་མི་སྒོམ་ཀ་མེད་དུ་གྱུར།

ངའི་འགྲམ་གྱི་བྱེའུ་ཕྲུག་ཚོར་གཤོག་པ་ཐོགས་ཏེ།

ནམ་མཁའི་དབྱིངས་སུ་ཇེ་མཐོ་ནས་ཇེ་མཐོར་གྱུར་ཏེ།

རྒྱང་རིང་གི་གནམ་འཕང་བཅད་ནས་འཕུར་དུས།

ང་གང་ན་ཡོད། ང་སྔར་བཞིན་རང་གི་ཉལ་སའི་ནང་ན་ཡོད།

གང་ལྟར། ང་རྒ་བཞིན་འདུག

ང་རྒུད་ཀྱིན་འདུག

ངའི་ལུས་ཀྱི་མགོ་མཇུག་བར་གསུམ་རྒ་བཞིན་པར་མ་ཟད།

ངའི་དྭངས་གཙང་གི་སེམས་པ་དཀར་པོ་དེའང་།

ད་ལྟ་ཡེ་ནས་གས་ཆག་ཤོར་ཟིན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཙོང་ཁའི་ཉི་མ་སེར་པོ།
  • ལེ་ཚན་རྗེས་མ།:ཀ་བཤད་སྒོམ་པ་ཆེན་པོའི་རྣམ་ཐར།