འཛམ་གླིང་བདེ་བའི་སྨོན་ལམ།

ཁྲི་ཟླ་གཞོན།        2021-02-26

ཁམས་གསུམ་འཁོར་བ་ཡི་བྱ་དངོས་ཇི་སྙེད།།

སྟོང་སྣང་སྒྱུ་མ་ཡི་གར་དུ་གསུངས་པའི།།

བདེན་པའི་བདག་པོ་སྟེ་ལྷ་གཅིག་སྟོན་པ།།

མི་འགྱུར་སྤྱི་གཙུག་གིས་སྙིང་ནས་མཆོད་དོ།།

འཛམ་གླིང་ཤར་ནུབ་འདི་ཆེ་བར་སྣང་ཡང་།།

ཡུལ་སྲོལ་ཆོས་ལུགས་འདི་མང་བར་སྣང་ཡང་།།

རྒྱལ་ཁབ་མང་བ་ལ་ཁ་ཁར་སྣང་ཡང་།།

ཡལ་ག་སོ་སོ་ལས་རྩ་བ་གཅིག་རེད།།

བསྐལ་བའི་མེ་དཔུང་གི་ཆ་ཤས་ཙམ་སྟེ།།

གླིང་དབུས་ཨོ་ཁྲི་ཡི་མེ་ལྕེ་ཀློང་ན།།

ཚ་བའི་ན་ཟུག་གིས་འོ་དོད་འབོད་པ།།

སེམས་ཅན་གསོན་འཚིགས་ཀྱི་སྡུག་བསྔལ་ཀྱི་ཧུད།།

མེད་མུག་བཀྲེས་ལྟོགས་ཀྱི་ནད་ཡམས་ལྕི་བའི།།

གླིང་ལྔའི་ནང་གསེས་ཀྱི་ཧྥེ་གླིང་ཡུལ་དུ།།

བགྲང་མེད་འབུ་སྲིན་གྱི་དཔུང་གིས་ཁེབས་པ།།

བཟོད་མེད་འཇིགས་ཡེར་གྱི་དམྱལ་ཁམས་གསོན་པོ།།

འབོར་ཆེན་མི་གྲངས་ཀྱིས་མདུན་གྲལ་ཟིན་པའི།།

ལོ་རྒྱུས་རྒྱུན་རིང་གི་ཀྲུང་གོའི་ཝུའུ་ཧན།།

གསར་བྱུང་འགོས་ནད་ཀྱིས་ཡོངས་སུ་མནར་ཏེ།།

མ་ཤི་གསོན་བྲལ་དུ་དགར་འདི་འཇིགས་ཡེར།།

ཟླུམ་སྣང་གོ་ལ་འདིའི་ཕྱོགས་མཚམས་བརྒྱད་དུ།།

སྣ་ཚོགས་འཇིགས་ཉེན་གྱི་འཚེ་བས་གཙེས་ཏེ།།

བདེ་སྙོམས་འཚོ་གནས་ཀྱི་བར་སྟོང་དཀོན་ཡང་།།

གཉོམ་པོས་ཁས་ལེན་ལས་ལྷག་མ་ཅི་བྱེད།།

ཐོག་མའི་བསྒྱུར་བཀོད་དེ་མི་ཡིས་བྱས་ཀྱང་།།

མཐའ་མའི་རྣམ་སྨིན་དེ་ཕྱིར་ལ་འཁོར་བ།།

ལྡོག་མེད་རྒྱུ་འབྲས་ཀྱི་ཤྭ་འོད་ལགས་པས།།

ཉེས་བཤགས་ཉེས་ལེན་གྱིས་རང་ཚོད་འཛིན་ནོ།།

ཉེས་མེད་ལས་དབང་གིས་ཕྱི་མར་དྲངས་བའི།།

ལུས་ཐོབ་མི་གཅིག་པའི་རིགས་དྲུག་འགྲོ་བ།།

བྱམས་བརྩེ་བྱང་སེམས་ཀྱིས་མགོ་ཁེབས་དཀའ་ཡང་།།

ཟོལ་མེད་ཡིག་དྲུག་གིས་བསྔོ་སྨོན་བྱེད་དོ།།

སྒེར་སེམས་བདུད་སྲིན་གྱི་སྡེར་ལག་བསྐུམས་ནས།།

གཞན་ཕན་མ་མ་ཡི་ཕྱག་ཟུང་བརྐྱངས་ཏེ།།

དགྲ་གྲོགས་དབྱེ་མེད་ཀྱི་རུམ་ཁ་ཕྱེ་བའི།།

སོ་སོའི་སྐྱེ་བོ་གང་སེམས་དཔའ་ཆེན་པོ།།

བདག་བས་གཞན་གཅེས་ཀྱི་གར་དུ་རོལ་བ།།

ཕངས་མེད་གཞན་ཕན་དུ་ལུས་ཀྱང་འབུལ་བ།།

ཞུམ་མེད་སངས་རྒྱས་ཀྱི་ཟླ་བོར་འཁུམ་པའི།།

མི་གཅིག་རྒྱལ་ཁོངས་ཚོའི་སྐྱེས་བུ་མཆོད་དོ།།

སེམས་འགྱུའི་སོ་ཁ་ནས་སིལ་བུར་འཐོར་བའི།།

དགུ་མའི་ཚེག་བར་གྱི་སྒམ་བརླིང་ཚིག་འདི།།

དོན་མེད་འུར་འགོང་གི་རྔ་བོ་མིན་པར།།

མྱ་ངན་འོ་དོད་ལགས་སེམས་ལ་ཟུངས་ཤིག།

ཆེན་པོ་གནས་ལུགས་ཀྱི་གསེར་གཟུངས་མེད་ལ།།

སྙན་མོ་འགུག་བྱེད་ཀྱི་ལྕགས་ཀྱུའང་དཀོན་པ།།

སྣ་འདུས་ཚིག་རིགས་ཀྱི་ཚ་གསུར་ཕོར་འདི།།

ཕྱི་འགྲིམ་མར་གྱུར་གྱི་ཚོགས་ལ་འདྲེན་ནོ།།


  • ལེ་ཚན་སྔོན་མ།:འཛམ་གླིང་བདེ་བའི་སྨོན་ལམ།
  • ལེ་ཚན་རྗེས་མ།:མི་ཕྲག་དོག་ཅན་ལ་གཏོར་མ་མཆོད།