སླར་མཇལ། སྙིང་ཉེ་བའི་བྱ་ཁྱུ།

སྨོན་དུང་ཁྲག        2021-02-26

ནམ་མཁའ་ནི་ནམ་མཁའ་ཁོ་ནར་མ་ཟད་ཀྱི།

འུ་ཅག་གིས་གཤོག་འགྱུར་གྱི་རི་མོ་

འཁོད་ས་དེ་རེད་ཨང་།

རི་ཚོགས་ནི་རི་ཚོགས་ཁོ་ནར་མ་ཟད་ཀྱི།

འུ་ཅག་གི་ང་རྒྱལ་གྱི་མགོ་བོ་

འདེགས་ས་དེ་རེད།

ཉི་འོད་ནི་སྔར་བཞིན་དྲོ་ཞིང་འཇམ།

ཉི་འོད་ཀྱི་ཟེགས་མ་རེ་རེ་ང་ཚོའི་

ལུས་ངག་གི་རྩ་སྦུགས་སུ་སྦྲུམ་སྟེ།

ནམ་ཞིག་གི་ཚེ་ན།

ང་ཚོས་ཀྱང་རང་ལུས་ནས་འོད་ཀྱི་

གཤོག་པ་བརྐྱང་ངེས།

འདི་ལྟར་སེམས་ཀྱིན་ང་ཚོ་

མདུན་ཕྱོགས་སུ་འཕུར།

སྤྲིན་དཀར་དང་རླུང་བུས།

བརྩེ་སེམས་ཀྱི་སྙིང་གཏམ་ནམ་མཁའི་

ཁྱོན་ལ་བཏབ་སྟེ།

ང་ཚོར་འཕུར་སྐྱོད་ཀྱི་སྒུལ་ཤུགས་

སྩོལ་གྱིན་ཡོད།

འཇའ་ཚོན་ནི་རྨི་ལམ་གྱི་མཚེའུ་བཞིན།

འུ་ཅག་གི་མིག་ལམ་དུ་སྐྱོམ།

དེ་བས་ང་ཚོ་འཕུར་སྐྱོད་བྱ་དགོས།

ང་ཚོས་དུང་ཞེན་གྱི་སྤང་ཐང་འདི་ནས།

ཕྱིར་དྲན་གྱི་མེ་ཏོག་བཏུས་ཏེ།

སྙིང་གཏམ་གྱི་རྦ་རླབས་དྲག་པོའི།

མཛེས་སྡུག་གི་རྒྱ་མཚོ་སེམས་སུ་བསྐྱིལ་ནས།

མདུན་དུ་འཕུར་བར་བྱ།

འུ་ཅག་གི་བྲང་གཞུང་ན།

རྨི་ལམ་གྱི་རླན་གཤེར་ཆགས་ཡོད།

འུ་ཅག་གི་གཤོག་སྣེ་ན་དངོས་གྲུབ་ཀྱི་

རྡུལ་ཕྲན་བབས་ཡོད།

དེ་བས། ང་ཚོ་འཕུར་དགོས།

ང་ཚོ་རང་ས་ནས་འཕུར་དགོས།

ང་ཚོ་རེ་ཞིག་སྤང་ཐང་འདི་དང་ཁ་བྲལ་ནས།

མཐའ་ཡས་པའི་ནམ་མཁའ་ལ་ཕྱོགས་དང་།

སྤང་ཐང་འདི་ནས་ང་ཚོས་སྙིང་གཏམ་

གྱི་རྒུམ་བུ་བཏུས་མྱོང་།

གྲང་ངར་དང་ཚ་གདུག་ལ་

གདོང་གཏད་མྱོང་།

ནམ་མཁའི་འཇའ་གུར་དང་

གློག་དམར་མཐོང་མྱོང་།

སྐར་ཚོགས་ཀྱི་དགའ་སྐྱོ་ཆགས་

སྡང་ཡང་མཐོང་མྱོང་།

སྤང་ཐང་འདིར་ང་ཚོས་ཕྱིར་དྲན་གྱི་

མེ་ཏོག་སྣ་ཚོགས་བཏབ་ཡོད།

ད་ནི་ང་ཚོ་རང་ས་ནས་འཕུར་ཏེ།

ནམ་ཞིག་གི་ཚེ་ན། ང་ཚོ་ཇོ་མོ་གླང་

མའི་དབུ་རྩེར་མཇལ་ཡོང་།

ང་ཚོ་སྤྲིན་དཀར་གྱི་པང་ནས་མཇལ་ཡོང་།

ང་ཚོ་སླར་ཡང་བསིལ་ལྡན་གངས་རིའི་

དྲུང་དུ་བསླེབ་ཡོང་།

སྙིང་ཉེ་བའི་བྱ་ཁྱུ།


  • ལེ་ཚན་སྔོན་མ།:མི་རྟག་པའི་མགུར།
  • ལེ་ཚན་རྗེས་མ།:འཛམ་གླིང་བདེ་བའི་སྨོན་ལམ།