རྩ་ཆེན་འཁྲུག་པའི་ངུ་སྐད།

རྣམ་ཤེས་ཕྲ་མོ།        2021-01-29

མཐོན་པའི་འོད་དང་ས་ཆེན་རྩི་ཤིང་སོགས།།

བར་སྣང་འདར་ཞིང་ཡོམ་ཡོམ་གཡོ་བ་ཡིས།།

སེམས་པའི་རྩ་ཆེན་གནམ་ས་འཁྲུག་པ་འདི།།

འབབ་སའི་ལུས་ཤིང་མ་རྙེད་ཡུན་རིང་འགོག།


འགྲོ་ལམ་དོག་མོ་གཅོད་པའི་སེམས་རྩ་ཉམས།།

ལུས་ཁམས་བདེ་ལ་བབས་པའི་སྙིང་སྟོབས་བོར།།

བར་སྣང་ངེས་མེད་ལྡིང་པའི་ལུས་སེམས་འདི།།

བཞུགས་སའི་གདན་ཞིག་གཏན་དུ་རྙེད་ཐབས་བྲལ།།


རྐང་བས་ཕར་མཐར་མ་བརྒལ་ཟད་ལ་དོགས།།

ལག་པས་སྙིང་རྩལ་མ་བསྐྱངས་འདར་ལ་གཞོལ།།

འདུག་པའི་སྐལ་བ་དེ་ཡང་གཞན་གྱིས་འཕྲོག།

སེམས་པའི་རྩ་ཆེན་འཁྲུག་པ་དེ་ག་ལགས།།


ཚེ་རབས་དྲན་གདུང་ཀློང་གི་ཆུ་ཟམ་དེ།།

ནམ་ཞིག་ཞག་ཆར་བཞིན་དུ་མི་ཡུལ་འདིར།།

འབབ་པ་དེ་ཡང་སེམས་ཁྲལ་བྱེད་ས་ཞིག།

འབབ་ཡུལ་དེ་ཡང་མྱ་ངན་འཐིམ་ས་ཞིག།


གཞན་བཤད་རྗེས་སུ་འབྲངས་ན་རང་དོན་ཤོར།།

རང་དོན་ཤུགས་ཀྱིས་འབད་ན་མྱི་ཁས་བསད།།

འཁྲབ་གཞུང་བརྗོད་བྱ་མཛེས་ཀྱང་འཁྲབ་ཡུལ་འདིར།།

ཅི་འདྲའི་ཚེར་མ་རྒོད་པའི་གཡུལ་ས་ཞིག།


དབྱར་གྱི་ཆར་རླུང་རྒོད་པའི་ནམ་ཟླ་དེར།།

སྐར་ཚོགས་ཡོམ་ཡོམ་འདར་བའི་སྐད་སྒྲ་ཞིག།

མཚན་གཞུང་ནམ་མཁའི་ཁམས་ལ་རྒྱུག་པ་འདི།།

དོན་དུ་མིག་ཆུ་བཞུར་བའི་གཟུགས་བརྙན་ཞིག།


དགུན་གསུམ་ལྷགས་གྲང་བཙན་པའི་གཡུལ་ས་དེར།།

ས་རྡུལ་མཁའ་དབྱིངས་འཕྱུར་བའི་བལྟས་ངན་འདིས།།

འགྲོ་ལམ་བདེ་མོ་དེ་ཡང་མག་མོག་བཏང་།།

དགུན་གྱི་འཁྱག་རོམ་དེས་ཀྱང་སྡུག་ཅིག་བཞག།


རལ་གྲིས་སེམས་པ་བསྣུན་པའི་འཁྲབ་སྟོན་ཞིག།

ཁྲག་གི་རྒྱ་མཚོ་འཁྱིལ་བའི་འཁྲབ་གཞུང་ཞིག།

སེམས་པའི་རྩ་ཆེན་འདར་བའི་གར་སྟེགས་ཤིག།

ད་ནི་རྫོགས་པ་བྱས་ན་དགའ་ཞིང་སྤྲོ།།


  • ལེ་ཚན་སྔོན་མ།:མཚོ་གླིང་དེབ་ཐེར་བཀླགས་པའི་མྱོང་ཚོར་བྱིས་པའི་རྩེད་རྡོ།
  • ལེ་ཚན་རྗེས་མ།:ང་དང་ངའི་སྙན་ངག་གི་འགྲེལ།