མཚོ་གླིང་དེབ་ཐེར་བཀླགས་པའི་མྱོང་ཚོར་བྱིས་པའི་རྩེད་རྡོ།

A འདན་རུལ་རྒོལ། B ཀརྨ་འཇིགས་མེད།        2021-01-28

ཁྲི་དམག་བརྒྱད་བཅུའི་མགོ་འཛིན་ལིན་ཁྲུང་ལ་བྲིས་པ།

A

དཔའ་སྤོབས་དོམ་ནག་སྨྱོན་པའི་ཚུལ་སྡང་དགྲ་བོའི་དཔུང་ལ་བཟུར་སྲོལ་མེད།།

བརྩེ་དུང་མཐའ་ཡས་རྒྱ་མཚོ་དེ་གཉེན་ཉེ་དུ་ཐོག་ཏུ་ཟད་མཐའ་བྲལ།།

མི་གཤིས་རྡོ་རྗེའི་རྡོ་ལས་གྲུབ་བློ་དཀར་པོའི་ཕྱོགས་ལ་འཐེན་ལྷོད་མེད།།

འཁོར་བའི་དགྲ་གྲོགས་མི་ནོར་མཁན་བུ་ལིན་ཁྲུང་དཔའ་བོའི་རྩེ་མ་ཡིན།།

B

སྒེག་མཛེས་ཕོ་རྩལ་སྣ་དགུ་ཡིས་སྨན་མཛངས་མའི་ལུས་སེམས་གཞུ་ལྟར་བཀུག།

ནང་སེམས་དར་དཀར་རང་བཞིན་ཡིན་གཉེན་ཉེ་བའི་རིགས་ལ་ཞེ་འདང་ཟབ།།

མི་གཤིས་གསེར་གྱི་ཡང་ཞུན་ལ་གཡོ་སྒྱུ་མའི་དྲི་མས་གོས་རབས་མེད།།

ཁྲི་དམག་བརྒྱད་ཅུའི་མགོ་འཛིན་ལ་རྩལ་འགྲན་མེད་བཙན་སྐར་དཔའ་བོ་ཆེ།།

A

དབུ་འཕང་རླུང་རྟ་དར་བའི་སྐབས་དམག་ཁྲི་དམག་བརྒྱད་ཅུའི་རུ་སྣ་འདྲེན།།

བུ་ཚབ་ངན་པ་དགུ་འདུས་ཀྱིས་སྨན་ཆུང་མའི་ལྷ་སྐུར་འདྲེ་ལག་བསྲིངས།།

དཔའ་རྩ་སྟག་གི་སྐྱོར་ཡ་རུ་གྲི་ལེབ་ཆེན་རིན་ཆེན་སྤྲད་དེ་ཉོས།།

དཔོན་ངན་ཝ་མོའི་གཡོ་འཕྲུལ་གྱིས་བློན་བསམ་དཀར་ངན་གཡོའི་གོས་ཀྱིས་བཏུམས།།

B

བུ་ཚབ་ངན་པའི་བཙན་ཤེད་ཀྱིས་ཕོ་ཁྱོ་གའི་སེམས་ཁ་ཁྲག་ལྟར་དཀྲུགས།།

དབང་ཆེན་བདུད་བློན་གཡོ་འཕྲུལ་གྱིས་ཁྱིམ་བཟའ་ཚང་ཤུལ་མེད་གཙང་དག་བཟོས།།

ཡུན་འདྲིས་གྲོགས་དང་གོང་མའི་བློན་ལུས་ཕྱི་ནང་གཉིས་ཀ་གཏད་ན་ཡང་།།

ཉེས་མེད་ཁྲེས་པོ་ཕྲག་ཏུ་བཀལ་ས་ཏུང་ཅིང་ཡུལ་ནས་རྒྱང་དུ་ཕུད།།

A

ཕྱི་དགྲས་ཡ་ལན་བྲལ་བའི་བུ་ནང་དགྲ་བོས་ལྕགས་ཀྱི་ལྭ་བ་བསྐོན།།

ཉེས་མེད་ཉེས་པའི་དོང་དུ་ལྷུང་གདོང་དམར་པོར་ཐམ་ག་ནག་པོས་བརྒྱན།།

གཉེན་འཁོར་ཁྱིམ་དང་ཁ་བྲལ་གཏོང་ཡུལ་རྒྱུས་མེད་སྡེ་མཐར་རྒྱང་ཕུད་བྱས།།

དཔོན་ངན་དུག་རླུང་ནག་པོའི་ཁྱུས་བློན་ལོ་མ་ལྗང་གུ་ས་མཐར་དེད།།

B

གཤེད་མ་མི་ཡིས་རྒྱབ་ནས་དེད་བཀྲེས་སྐོམ་པས་མནར་ཡང་བྱ་ཐབས་བྲལ།།

དཀའ་མོའི་ལ་དང་དོག་པོའི་ལུང་དགྲ་ནག་པོའི་ཁ་ནས་ངལ་བས་བསྐྱལ།།

འཁོན་ལན་མི་འགྱུར་གཡུང་དྲུང་རིས་ལོ་ཟླ་བའི་ཐམ་གའི་ངོགས་སུ་བྲིས།།

གྲོགས་མེད་ཡུལ་འཁྱར་བྱས་པའི་མཐར་ས་ལེང་ཧྲན་མཁར་གྲོང་བདག་གིར་བྱས།།

A

ཁྱོ་ཤུག་བརྩེ་དུང་རྡོ་རྗེའི་བྲག་རྐྱེན་ངན་པའི་ཐོག་གིས་དུམ་བུར་གཏོར།།

བྲལ་གདུང་ལྕགས་ཀྱུས་སྙིང་ཁ་མཛེར་རོགས་འདང་ཆེན་མིག་ཆུ་ཀློང་དུ་བོར།།

བསམ་ནག་དུག་གི་དྲག་ཆར་ལ་ཤ་རུས་པས་ཡ་ལན་བྱེད་ཐབས་བྲལ།།

བར་ཆད་ཁྲེས་པོ་གཉའ་རུ་འཁུར་འུ་ཐུག་པའི་གོམ་ཁ་རྒྱང་ལ་གཏད།།

B

ཉམ་ཆུང་འབངས་དང་གཡོ་ཆེན་དཔོན་ཐབས་ཞི་དྲག་གཉིས་ཀྱི་སོ་ན་བཞག།

བདེན་པའི་དར་དཔྱང་མཁའ་རུ་གཟེངས་ཡུལ་རྒྱལ་ཁམས་ཕྱི་ནང་ཀུན་ལ་ཁྱབ།།

ཕྱོགས་བཞིའི་ཕོ་རྒོད་འདུ་འཛོམས་བྱས་ལས་ཕུགས་འདུན་བློ་དཀར་གཞུང་དྲང་འཆང་།།

བརྒྱ་བརྒྱད་དཔའ་བོའི་འཚོ་གཞིས་ཀྱི་རྫོང་བཙན་པོའི་ལྕགས་རི་སྟོབས་ཀྱིས་སྐྱོང་།།

A

གཤེད་མ་དམར་པོས་རྒྱབ་ནས་དེད་འཆི་དུ་ཁུང་ཁ་ནས་ལན་གཉིས་ཐར།།

བློས་ཐུབ་གྲོགས་པོ་གདོན་གྱིས་སྨྱོས་གྲོགས་ལིན་ཁྲུང་ཚེ་ལ་རྒོལ་བ་བརྩམས།།

གཟན་ཆག་ར་བའི་རྩྭ་དང་ལྷན་ལུས་ལྷག་མེད་མེ་རུ་སྲེག་པར་མོས།།

ལེན་ཁྲུང་ཁྲོས་པའི་དཔའ་ངར་གྱིས་གྲོགས་སྙིང་ཐུབ་སྙིང་ཁ་མདུང་ལ་སྒྲོན།།

B

དྲག་པོའི་གཡུལ་ཆེན་གཤོམ་ཙ་ན་དཔའ་ཡ་མེད་དོམ་ནག་སྨྱོན་པ་འདྲ།།

ཕར་འགྲོའི་དཔུང་པའི་སྣ་འདྲེན་ཡིན་སྡང་དགྲ་བོའི་སྙིང་ལ་སྡར་ཆུ་བླུད།།

དབལ་ལྡན་སྦྲུལ་གཟུགས་མཚོན་ཁ་རུ་དགྲ་ནག་པོ་ཡུངས་རྡོག་མཛེར་མཛེར་བྱས།།

སྤྱི་ལེ་བརྒྱད་བརྒྱའི་མཚོ་གླིང་དེ་དཔའ་དཔུང་པ་གཉིས་ཀྱིས་ཕྱི་ནང་བསྲུང་།།

A

སྡང་དགྲས་འདུལ་བ་མ་ནུས་མོད་ནང་དྲན་གདུང་དམར་མོས་རབ་ཏུ་གཙེས།།

ཞེ་འཁོན་ཤ་ལན་རུམ་གང་ཁྱེར་ཡུལ་རྒྱལ་ཁམས་འགྲིམ་ནས་ག་སར་འཁྱམས།།

ལེང་ཧྲན་གླིང་དུ་ལས་ཀྱིས་འདུས་ཡིད་རེ་འདུན་འོད་སྣང་ཅུང་ཟད་འཕྲོས།།

ལུས་རྟེན་གཅིག་ལ་སྐྱིད་སྡུག་སྟོང་བུ་ལིན་ཁྲུང་འཁོར་བའི་རྩེད་ཆས་འདྲ།།

B

གོང་མའི་དཔོན་དང་བློན་པོའི་བཀས་རང་ལས་དམག་དཔུང་གི་རུ་སྣ་དྲངས།།

ཞེང་ཆེན་འབྲི་ཆུའི་བཞུར་རྒྱུས་དེ་རྟ་མདོ་བའི་བང་ཁས་འཕྲེད་ཀྱིས་བརྒལ།།

ཇག་པའི་འགྲན་ཡ་བྱས་ཙ་ན་དཔའ་ང་རྒོད་དག་ལ་ཁ་གཏད་འཇལ།།

ཡུས་ལ་འགག་སྒོ་གཙོས་བྱས་པའི་ས་བཙན་པོའི་པང་ནས་ཤི་འཐབ་བྱས།།

A

ཀོའུ་ཆིའུ་གསོན་པོ་ལག་ཏུ་ལྷུང་འཁོན་རྩོད་པའི་ཉི་མ་གསལ་ལེར་འཆར།།

ལིང་ཁྲུང་དཔའ་བོ་ཁྲོས་དང་ལྷན་ཁྱི་ཀའོ་ཆིའུ་དབུགས་རྔ་ལེན་འདོད་ཀྱང་།།

དཔོན་པོས་ཕུགས་འདུན་གྲིབ་བོ་ཞེས་དགྲ་ཀའོ་ཆིའུ་གཏོང་སྟེ་རང་མགོ་རྡུང་།།

སུང་ཅང་ཕུགས་འདུན་རིང་མོ་དེ་རི་ལུང་པའི་ཁུད་ཀྱི་ན་བུན་འདྲ།།

B

བུ་རྟ་རྩི་རྩི་གྲངས་མེད་ཀྱི་ཁྲག་དམར་པོའི་ཡུལ་ཆུ་འབབ་འབབ་བྱས།།

ཤི་བའི་རོ་དང་གསོན་པོའི་བླས་བུ་དཔའ་བོའི་དཔའ་རྟགས་ས་དེར་བཞག།

དྲིན་ཆེན་དཔོན་དང་འཐབ་པའི་གྲོགས་སྲོག་ཕངས་མེད་བྱས་ཏེ་གཡུལ་ལས་བསྐྱབས།།

ངར་ཆེན་མཚོན་གྱིས་མ་བསྒྲལ་ཡང་ཕོ་རྒོད་པོའི་ཚེ་མཐའི་རྫོགས་ཚིག་བྲིས།།

A

དཔལ་རྒོད་དག་ཀྱང་དེ་རུ་འཐིམ་མཐར་རྔ་མ་དགྲ་ལ་རྒྱལ་ཁ་སྤྲད།།

ལིན་ཁྲུང་ཕྱི་ལུས་ནད་ཀྱིས་བཟུང་ནང་གདུང་བའི་ངར་ཁ་གྲི་ལས་རྣོ།།

དགྲ་ཤ་རྩོད་པའི་རེ་འདུན་དེ་དོན་མ་སྨིན་སླར་ཡང་མག་མོག་གྱུར།།

ལིན་ཁྲུང་རྒྱ་སྟག་དམར་པོ་དེ་དཔའ་སྟོབས་རྩལ་ཆུད་ཟོས་སོང་ནས་འཆི།།


  • ལེ་ཚན་སྔོན་མ།:གློག་འོད།
  • ལེ་ཚན་རྗེས་མ།:རྩ་ཆེན་འཁྲུག་པའི་ངུ་སྐད།