གློག་འོད།

སྨོན་དུང་ཁྲག        2021-01-28

ཁེར་རྐྱང་གི་མཚན་གཞུང་འཐུ་བའི།།

དྲན་པ་ཡི་རང་གཟུགས་རྗེན་པ།།

མིག་མདུན་གྱི་སྣང་བའི་རིས་འདི།།

དྲན་པ་ཡི་གཏིང་ནས་འཕྱོ་འདུག།

རྒྱང་རིང་ནས་རྒྱང་ལ་སྐྱེལ་བའི།།

ཚོར་འདུ་ཡི་གཤོག་ཐོགས་རྒོད་པོ།།

ནང་སེམས་ཀྱི་གྲོག་རོང་བརྒལ་དུས།།

ཡི་གེ་འགས་ཐེག་པ་མ་བྱུང་།།

གྲུ་ཟུར་གྱི་སྣང་གླུ་སྙན་མོ།།

སྤྲིན་པ་བཞིན་དལ་གྱིས་གཡོ་ན།།

དྲན་པ་ཡི་རླབས་ཕྲེང་གཏོར་བའི།།

སེམས་པ་འདིས་ཁ་ཕྱོགས་རྙེད་འདྲ།།

ཟླ་འོད་ཀྱི་ལང་ཚོ་མེད་ན།།

སྨྲེང་སེམས་ཤིག་འདེགས་དགོས་མི་འདུག།

གློག་འོད་ཀྱི་བསིལ་ཟེར་འོག་ནས།།

དྲན་པ་ཡི་མངར་ཆ་འཐུ་ཆོག།


  • ལེ་ཚན་སྔོན་མ།:ཁ་བྱང་མ་རྙེད་པའི་སྙན་ངག
  • ལེ་ཚན་རྗེས་མ།:མཚོ་གླིང་དེབ་ཐེར་བཀླགས་པའི་མྱོང་ཚོར་བྱིས་པའི་རྩེད་རྡོ།