ལུའོ་ཝུན་གྱིས་རང་ཁུལ་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2021-01-13

     སྤྱི་ཟླ་དང་པོའི་ཚེས8ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་ཞིང་དཔོན་གྱི་ལས་ཚབ་ཧོང་ཆང་གིས་མངགས་བཅོལ་ལྟར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཞིང་དཔོན་གཞོན་པ་ལུའོ་ཝུན་གྱིས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བའི་སྣེ་ཁྲིད་གནང་ནས། རང་ཁུལ་གྱི་འདབ་པ་རྫོང་གི་སྤྱི་ཟླ་དང་པོའི་ཚེས7ཉིན་ལ་ནགས་ཚལ་མེ་སྐྱོན་ཤོར་བར་མེ་གསོད་དང་རྗེས་མཐུད་བཀོད་སྒྲིག་ལས་ཀ་སྒྲུབ་པའི་ཡུལ་དངོས་སུ་ཕྱིན་ནས་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད་ལས་ཀར་ཡང་བསྐྱར་བཀོད་སྒྲིག་དང་ཡང་བསྐྱར་ལྟ་སྐུལ། ཡང་བསྐྱར་དོན་འཁྱོལ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་ལེན་སྔར་ལས་གཏིང་ཟབ་བྱེད་པ་དང་། ངོས་འཛིན་སྔར་ལས་ཆེ་རུ་གཏོང་ཞིང་མི་འདང་སར་ཁ་གསབ་དང་། འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད་ལས་ཀ་ཡག་པོ་བསྒྲུབ་དགོས་ཞེས་ནན་གསུང་གནང་བ་རེད།

    ལུའོ་ཝུན་གྱིས་འདབ་པ་རྫོང་འཇམ་རོང་ཡུལ་ཤོག་རྒོད་བ་གྲོང་སྡེར་སྤྱི་ཟླ་དང་པོའི་ཚེས7ཉིན་ལ་ནགས་ཚལ་མེ་སྐྱོན་ཤོར་བའི་ཡུལ་དངོས་སུ་མེ་གསོད་པའི་བརྒྱུད་རིམ་དང་རྗེས་མཐུད་ལས་ཀར་བཀོད་སྒྲིག་བྱས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། ལུའོ་ཝུན་གྱིས་ཁུལ་དང་རྫོང་གིས་ནུས་ཤུགས་ལྡན་པ་དང་གོ་རིམ་ལྡན་པའི་ངང་མེ་སྐྱོན་ཚོད་འཛིན་ནུས་ལྡན་བྱེད་པར་ཁས་ལེན་གང་ལེགས་གནང་བ་དང་། དཀའ་སྤྱད་ཧུར་ཐག་དང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པའི་མེ་འགོག་མི་སྣ་ཡོངས་དང་རིམ་པ་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུ་བ་རེད།

    ལུའོ་ཝུན་གྱིས་ད་ལོ་ནས་བཟུང་། དཀར་མཛེས་ཁུལ་གྱི་ས་ཁུལ་མང་པོར་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་བྱུང་ཡོད་པས། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཐོང་ཆེན་ཆེན་པོ་བྱ་དགོས་པ་དང་། ཁུལ་ཡོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་བྱ་ཐབས་དང་ཞིབ་འཇུག བཀོད་སྒྲིག ལྟ་སྐུལ་སོགས་ཀྱི་ཐད་ལ་ཤུགས་བརྒྱག་དགོས། ནུས་ཤུགས་ཡོད་རྒུས་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་དང་བྱེས་སུ་མེ་སྤྱོད་པ་ལ་དོ་དམ་ཚོད་འཛིན། འདྲེན་སྦྱོར་གློག་སྒྲིག་སྐུད་ལམ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ལས་ཀ་སྤེལ་ཤུགས་ཆེ་རུ་གཏང་དགོས། མངའ་ཁོངས་ནང་ཁུལ་གྱི་གལ་ཆེ་བའི་སྒྲིག་བཀོད་དང་དམིགས་ཚད་གལ་ཆེན་གྱི་མེ་སྐྱོན་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱ་དགོས། ཆེད་ལས་པར་མཐའ་གཅིག་ཏུ་བརྟེན་ནས་ཡུལ་དངོས་ནས་མེ་གསོད་བཀོད་འདོམས་དབང་ཆ་གཅིག་བསྡུས་གཅིག་གྱུར་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་གཏོང་དང་མེ་གསོད་ཉེན་མེད་བྱ་དགོས། འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ཚད་གཞི་མཐོན་པོས་སྐུལ་འདེད་དང་རྗེས་ཤུགས་འདོན་པ། མཉམ་འགོག་མཉམ་བཅོས། ཕན་འབྲས་མཇུག་ལ་ཐོན་པ་བཅས་ཀྱི་ལས་ཀའི་ནང་སྲོལ་དོན་འཁྱོལ་དང་ཕན་འབྲས་ཐོན་པ་བྱས་ནས་ལས་ཀའི་བླང་བྱ་ཁག་ཆེས་ཆུང་བའི་ལས་ཀའི་ཚན་པར་དོན་འཁྱོལ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་དགེ་རྒན་བཟང་པོར་སྒོར་ཁྲི83ཡི་བྱ་དགའ་སྤྲད།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་གསོ་རླུང་འདོན་སྤྲོད་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་དང་པོས་ཐོན་སྐྱེད་བྱེད་མགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།