ཁུལ་ཡོངས་ཀྱི་གསོ་རླུང་འདོན་སྤྲོད་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་དང་པོས་ཐོན་སྐྱེད་བྱེད་མགོ་ཚུགས།

ཡེ་མགོན་གྱིས་བསྒྱུར།        2021-01-13

ཁུལ་ཡོངས་ཀྱི་གསོ་རླུང་འདོན་སྤྲོད་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་དང་པོས་ཐོན་སྐྱེད་བྱེད་མགོ་ཚུགས།

     སྤྱི་ཟླ་དང་པོའི་ཚེས5ཉིན། ལི་ཐང་རྫོང་གིས་མཐོ་སྒང་གི་གསོ་རླུང་བཀོལ་སྤྱོད་བྱེད་པའི་བདེ་ཐང་ཐོན་ལས་ཀྱི་ཞབས་ཕྱིའི་ལས་གཞི་ཐོན་སྐྱེད་བྱེད་མགོ་ཚུགས་པའི་མཛད་སྒོ་སྤེལ་བ་རེད། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར1.2བཏང་བའི་ལས་གཞི་འདིའི་འཛུགས་སྐྲུན་བྱེད་ཡུན་ལོ2ཡིན་པ་དང་། ས་ཞིང་བཟུང་ཚད་ཀྱི་གཞི་ཁྱོན་ཧ་ལམ་མུའུ41.53ཡོད་ཅིང་། Aགསུམ་རིམ་པའི་ལྗོངས་ཁུལ་གྱི་ཚད་གཞི་ལྟར་གསོ་རླུང་ཐོན་ལས་བཟོ་སའི་ཚན་རིག་གླིང་ཁུལ་འཛུགས་སྐྱོང་བྱ་རྒྱུ་ཡིན་པ་རེད།

    ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་རིམ་པ་གཉིས་པའི་སྐོར་སྐྱོད་པ་ཞའོ་ཧྲི་ཐོང་མཛད་སྒོའི་ནང་ཞུགས་ནས་ཤིས་ཚིག་ཕུལ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྥུང་ཅུན་ཧྥེང་གིས་ཐོན་སྐྱེད་བྱེད་མགོ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཡོངས་ཀྱི“5+1”བྱེད་སྟངས་ཀྱི་དེང་རབས་ཐོན་ལས་མ་ལག་ནང་མཉམ་འདྲིས་ཇེ་མགྱོགས་དང་མཐོ་སྒང་གི་གསོ་རླུང་བཀོལ་སྤྱོད་བྱེད་པའི་བདེ་ཐང་ཐོན་ལས་གསོ་སྐྱོང་ཧུར་ཐག་བྱ་ཆེད། རང་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་། རང་ཁུལ་གྱིས་མཐོ་སྒང་དུ་གསོ་རླུང་བཀོལ་སྤྱོད་བྱས་པའི་བདེ་ཐང་ཐོན་ལས་ཀྱི་ལས་གཞི་ཚོད་ལྟ་འཛུགས་སྐྲུན་བྱེད་ཡུལ་ལི་ཐང་རྫོང་དུ་བདམས་པ་རེད། ལས་གཞི་འདིAགསུམ་རིམ་པའི་ལྗོངས་ཁུལ་གྱི་ཚད་གཞི་ལྟར་ཐོན་སྐྱེད་བྱེད་སའི་བཟོ་ཚན་དང་འགྲུལ་པ་སྣེ་ལེན་ལྟེ་གནས། སྲིད་འཛིན་ཐོག་ཁང་། འཚོ་བའི་སྤྱོད་ཁང་སོགས་གཅིག་འདུས་ཡིན་པའི་གསོ་རླུང་ཐོན་རྫས་གཅིག་བསྡུས་ཐོན་སྐྱེད་བྱེད་སའི་ཚན་རྩལ་གླིང་ཁུལ་ཞིག་འཛུགས་སྐྱོང་བྱ་རྒྱུ་ཡིན་པ་རེད། ལས་གཞི་འདི་མིག་སྔར་དུས་རིམ་དང་པོའི་འཛུགས་སྐྲུན་ལེགས་སུ་གྲུབ་པས་མ་ཚད་ཚོད་ལྟ་ཐོན་སྐྱེད་ཀྱི་ཆ་རྐྱེན་འཛོམས་པ་རེད། ད་ཆ་ཁྱེར་བདེ་བའི་གསོ་རླུང་དམ་བི་དང་སྨན་སྤྱོད་གསོ་རླུང་འགྱིག་ཁུག ཁྱེར་བདེ་བའི་གསོ་རླུང་བཟོ་ཡས་འཕྲུལ་ཆས། དབུགས་འབྱིན་རྔུབ་བྱེད་ཡས་འཕྲུལ་ཆས། རིག་སྟོབས་དྲོད་ཚད་དཔྱད་ཆས་སོགས་སྨན་སྤྱོད་ཐོན་རྫས་རང་གིས་ཐོན་སྐྱེད་བྱེད་ཐུབ་པར་བརྟེན། སྨན་སྤྱོད་སྒྲིག་ཆས་ཐོན་སྐྱེད་དང་ཡུལ་སྐོར་གསར་སྤེལ་གཅིག་འདུས་ཡིན་པའི་དཔེ་གསར་ཅན་གྱི་ཚན་རིག་ལག་རྩལ་གྱི་ལས་གཞི་ཞིག་ཡིན་པ་རེད། སྔོན་ཚོད་བྱས་ན་ལས་གཞི་འཛུགས་སྐྲུན་གྲུབ་ནས་ཐོན་སྐྱེད་བྱས་རྗེས། མང་ཚོགས་དབུལ་པོ200ལྷག་ལས་ཞུགས་ཐུབ་པ་དང་ཆ་སྙོམས་ལོ་རེའི་ཐོན་སྐྱེད་རིན་ཐང་སྒོར་ཁྲི7000ལ་ཟིན་ཐུབ་རྒྱུ་རེད།།


 

  • ལེ་ཚན་སྔོན་མ།:ལུའོ་ཝུན་གྱིས་རང་ཁུལ་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་གནང་།
  • ལེ་ཚན་རྗེས་མ།:ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་བསྒྲགས།
  • དོ་སྣང་ཆེ་བའི་རྩོམ།