ཁ་སང་གི་འཇིག་རྟེན།

གཞི་ཚང་ཟླ་བ་གྲགས་པ།        2021-01-08

ཐོལ་བྱུང་རླུང་བུ་དགུན་ཁའི་ཙག་དང་འདྲེས།།

སྙིང་གི་ཟུངས་ཁྲག་དག་ཀྱང་འཁྱག་པར་བྱེད།།

མི་བཟོད་ཟུག་ཚོར་ཁོག་ཏུ་མཆེད་པའི་དུས།།

ལྷིང་འཇཊ་གནས་གཞི་གང་ནི་འཐབ་ར་ཡིན།།

ཞལ་གྱིས་བཞེས་པའི་ཨ་ཆེན་ཁ་བའི་ཚོགས།།

གཟུ་ལམ་ཉི་མས་རྨེག་མེད་བཏང་བའི་ཤུལ།།

བྱ་བྱེའུ་མང་ཙམ་དགའ་བའི་ཚུལ་སྣང་ཡང་།།

ནན་གྱིས་བརྟགས་ན་འདི་ཡང་ཕམ་ཁ་ཞིག།

འཕུར་ལྡིང་རྩེན་ཚུལ་ཞན་པའི་བྱ་ཁྱུ་དག།

སྐྱེད་མོའི་ཚལ་ན་བ་གླང་ཡིན་ཞེས་བརྗོད།།

རིག་པའི་གསོས་ཟས་འཕྲོག་པའི་ཚུལ་དྲན་ན།།

བཤད་པའི་གདམས་ངག་རྣ་བའི་བུ་རམ་ཡིན།།

དུས་རབས་འདི་ལས་ཕྱིར་སྣུར་བྱོས་ཤིག་ཅེས།།

དངོས་སུ་མེད་ཀྱང་ཤུགས་ལས་འཇལ་བའི་དུས།།

སྤྲིན་དཀར་ལུས་ལ་བགོས་པའི་རི་བོ་གན།།

སྙིང་ཁམས་ས་རྡུལ་ཡིན་ནམ་འཕྱང་མོ་ཉུག།

བཅོ་བརྒྱད་དམག་དཔུང་ལྷོ་ནས་ཤར་དུ་ཡོང་།།

ཤར་གྱི་རྐང་དམག་ད་དུང་གྲག་འགུལ་མེད།།

དགག་སྒྲུབ་བོའུ་རྡེའུ་མྱུར་པའི་གཡུལ་ས་ནས།།

འུ་ཅག་དཔྲལ་བར་ཁེལ་ན་ཚར་བ་ཡིན།།

བདག་གིས་ཞིང་ལ་བཏབ་པའི་ནས་ཀྱི་སོན།།

སྨྱུ་གུ་སྐྱེ་དབང་མེད་པར་རུལ་ནས་སོང་།།

མ་འོངས་དགུན་ཟླའི་ལྟོ་བ་འགྲང་དཀའ་བས།།

འཕྲལ་གྱི་བར་ཆད་རེད་ཅེས་སེམས་གསོ་བྱས།།

  • ལེ་ཚན་སྔོན་མ།:འཆར་སྒོ་མཐའ་ཡས་པ།
  • ལེ་ཚན་རྗེས་མ།:དུང་བ་གསེར་གྱི་འཕྲིན་ཆུང་།