འཁོར་བར་མི་སྐྱོ་བའི་སྙན་ངག

སྒྲོལ་མ་སྐྱབས།        2021-01-08

ར་སྐོར་ཆུང་ཆུང་འདི་ནས།།

ཀུ་ཤུ་དམར་བོ་བཏོགས་ཏེ།།

ཉི་འོག་ཁ་བརྡ་བྱེད་ས།།

བར་སྐབས་ཤིག་གི་ཁྱིམ་རེད།།

ཆང་དཀར་བཙན་པོ་བཏུང་ནས།།

པེ་ཅིང་སྟབས་ཐུག་ཟོས་ནས།།

སྤུས་ཀ་དམན་པའི་འཚོ་བ།།

ཁོ་རང་བརྗེད་འདྲ་སོང་ན།།

རེས་གཟའ་ཉི་མ་སླེབས་དུས།།

སེམས་པ་ཧ་ཅང་ཁོམ་ཐལ།།

རྒོངས་ཀར་སྲང་ལ་ཉུལ་ན།།

མོ་ཡག་ཏག་ཏག་མཐོང་དཔེ།།

སྲང་ལམ་ཆར་གདུགས་དམར་བོ།།

གློ་བུར་རླུང་གིས་དེད་ལྟར།།

སོ་སོ་བསྐྱུར་ནས་འགྲོ་བ།།

གཏན་དུ་བྲལ་བ་ཡིན་ན།།

འདི་ལྟར་རྒས་ཏེ་འགྲོ་བ།།

ཁ་པར་ནང་གི་ཉི་ནུབ།།

མགོ་བོ་བཏུམས་ནས་བལྟས་ན།།

ཡན་ནས་མིག་ལ་འཛར་བྱུང་།།

ཕོ་བྲང་དཀར་པོ་རེད་མོད།།

ཉི་མ་ཤར་བས་དམར་སོང་།།

བལྟས་ན་དམར་བའི་བཙུན་པ།།

མདོག་ཏུ་ལྟ་མཁན་གཅིག་མེད།།

ལྷ་སའི་བུད་མེད་བཟི་བོའི།།

སྙིང་དང་བཅས་པ་རློན་འདུག།

ལས་དབང་དྲང་མོ་རེད་ཟེར།།

བར་སྐོར་དྲང་མོ་མ་རེད།།

ཁོག་ན་སེམས་མེད་སྙམ་ནས།།

ཇོ་བོ་ལན་གཅིག་བརྗེད་སོང་།།

  • ལེ་ཚན་སྔོན་མ།:མ་ཡི་བརྩེ་དུང་།
  • ལེ་ཚན་རྗེས་མ།:འཆར་སྒོ་མཐའ་ཡས་པ།