མ་ཡི་བརྩེ་དུང་།

རས་པ།        2021-01-08

རང་ལུས་མལ་ལ་འབྱར་བའི་ལོ་ཟླའི་ནང་།།

ཟས་གོས་གཉིས་ཀྱིས་ཚིམས་པ་མ་ཡིས་བྱས།།

བཅུད་ཀྱི་རྩེར་སོན་ནུ་ཞོ་མངར་མོ་ལྡུད།།

ལག་ཟུང་དྲོན་མོས་མགོ་རུ་བྱིལ་བྱིལ་གཏོང་།།

གོམ་ཁ་ཐང་ལྷོད་ཤོར་བའི་ལོ་ཟླའི་ནང་།།

གོམ་པའི་འདེགས་འཇོག་རན་པ་མ་ཡིས་བྱས།།

རི་ལུང་སྤང་གསུམ་ནོར་ཁྱུའི་རྗེས་སུ་འཁུར།།

ལག་པས་དམ་པོར་བཅངས་ཏེ་ཕར་ཚུར་འཁྲིད།།

རྩེད་དགའ་མཚར་སྣང་ཆེ་བའི་ལོ་ཟླའི་ནང་།།

གཡག་རྭའི་སྒོ་ཕྱུགས་བཏགས་པ་མ་ཡིས་བྱས།།

རྡེའུ་དཀར་རུམ་གང་སྤུངས་ནས་ལུག་ཁྱུ་སྐོར།།

དབྱུག་སྣེས་ཆུ་རྐ་བསློགས་ཏེ་འཐུང་ཆུ་འདྲེན།།

གཞོན་ཚུལ་འགྲམ་ཤ་དམར་བའི་ལོ་ཟླའི་ནང་།།

གཤིས་འཇམ་རྒྱུད་དྲང་སྤྱོད་པ་མ་ཡིས་བྱས།།

ལྷད་མེད་སེམས་ཀྱི་སྐད་ཆ་གང་ཡང་གཏམ།།

ལུས་སེམས་དགའ་བའི་རྣམ་འགྱུར་ཅི་ཡང་སྟོན།།

  • ལེ་ཚན་སྔོན་མ།:ཨ་ཕའི་རྟ་ཕོ།
  • ལེ་ཚན་རྗེས་མ།:འཁོར་བར་མི་སྐྱོ་བའི་སྙན་ངག