ཨ་མ་དང་ངའི་ཉིན་ཐོ།

གུ་དཔལ་ཤིས།        2020-12-02

ཨ་མ་ནི་འབྲོག་ནས་སྐྱེས་པའི་འབྲོག་མོ་དངོས་མ་ཞིག་ཡིན།

གྲོང་ཁྱེར་གྱི་འབག་ལྷད་འགོས་མྱོང་མེད།

བསླུ་བྲིད་ཀྱི་སྤྱི་ཚོགས་མཐོང་མྱོང་མེད།

ཁྲ་ཁྲ་ཤིག་ཤིག་གི་འདུ་འཛིས་གཙེས་མྱོང་མེད།

ལོ་ངོ་དོན་གཅིག་གི་རྒས་གཉེར་འདི་ལ་སླེབས་དུས།

འབྱུང་བཞི་སྙོམས་འགྲིག་གི་ཡོད་ཚད་བདེ་ཐང་རེད་མི་འདུག

དེ་ནི་ངེད་ཅག་མིང་སྲིང་ཚོའི་དོན་དུ་དཀའ་ཚེགས་མྱོང་དྲགས་པས་ལོན་ཡིན།

ཨ་ཕར་འབྲལ་བའི་ལོ་ཟླ་དེ་ནས་བཟུང་།

ཕ་མ་ཟུང་གི་བརྩེ་དུང་ཁྱོད་གཅིག་པུས་བསྙོར་ཞིང་བསྐྱངས་པས་ལོས་ཡིན།

ཨ་མ་ད་ཐེངས་ནད་གཞི་ལྕི་མོ་མེད་རུང་།

ཕུ་བོས་བློ་འདུན་ལྟར་ལུས་ཕུང་ཆ་ཚང་བརྟག་ཐུབ་པར་ཞེ་ནས་དྲོ་བྱུང་།

དེ་རིང་ཟི་ལིང་དུ་ཆར་འབབ་བཞིན་འདུག

ཨ་མ་ནི་ཟི་ལིང་སྙིང་རྗེ་སྨན་ཁང་དུ།

མཁྲིས་པ་དང་ཕོ་ཁའི་མཇུག་འབྲས་ལྟར།

གནམ་ཁབ་དམ་བེ་ཁ་ཁེར་ཁྲག་རྩའི་སྦུགས་སུ་རྔུབ་གྱིན་འདུག

ངས་ནི་ཞིང་ཆེན་སྨན་ཁང་བཞི་བའི་ནང་དུ།

གཅོང་མཆིན་གྱིས་གཙེས་པའི།

ནད་པ་རྫོགས་མེད་ཅིག་འདུར་བྲེལ་དང་འགྲོགས་ནས།

བསྐྱར་བརྟག་ཐེངས་དྲུག་པའི་ལས་ལ་ཞུགས་ཡོད།

ལ་ཤས་བཟའ་ཟླ་མཉམ་འགྲིག་གིས།

ཁ་ཁེར་ཕ་བུ་ཟུང་སྦྲེལ་གྱིས།

རེ་ཟུང་གཉེན་ཉེ་པང་མཐུན་གྱིས།

ང་དང་འདྲ་བར་ཉུང་ཤོས་ལས་མེད་པ་འདྲ།

འོན་ཏང་སྨྲེང་སྐྱོ་ཅི་ཡང་མི་འདུག

རྒྱུ་མཚན་ཁྱོད་ཚོས་སེམས་ཀྱིས་འཚོས་ཡོད་པས་སོ།།

ཨ་མ་ཆ་མེད་རྒྱུས་ཀྱི་གྲོང་ཁྱེར་འདི།

ཕ་ཡུལ་དྲན་པའི་མིག་ཆུ་ལྐོག་ཏུ་འབྱོ་ཡིན་མེད་དམ།

གཅེས་ཕྲུག་ཚོའི་སླད་དུ་སེམས་པ་ངལ་གྱིན་མེད་དམ།

ཡང་ན་ཡུལ་གྱི་འཚོ་བ་བློས་བསླངས་བྱེད་ཀྱིན་མེད་དམ།

  • ལེ་ཚན་སྔོན་མ།:བདེན་པར་མ་གྲུབ་པའི་སྙན་ངག
  • ལེ་ཚན་རྗེས་མ།:ལྷགས་རླུང་།