རྒྱུ་སྐར་ཁྲོད་ན་ཁྱེད་ཉིད་ཙམ།

ཁམས་སྨྱུག་གསར།        2020-11-18

དོན་གཉིས་ཉི་ཟླའི་འོད་ཟེར་ས་ཆེན་འདིར་ཁྱབ་ཅིང་།།

རྣམ་དག་མཁྱེན་དཔྱོད་གར་གྱི་དགའ་སྟོན་ལ་རྩེན་བའི།།

སྙིང་རྗེའི་ཟླ་བའི་རྒྱན་འཆང་བྱང་སེམས་ཀྱི་སྲས་པོ།།

འཇམ་དབྱངས་མི་ཡི་གར་བསྒྱུར་ཁྱེད་ཉིད་ལ་འདུད་དོ།།

ཟབ་མོའི་གཞུང་ལུགས་རྒྱ་མཚོའི་སྙིང་བཅུད་ལ་རོལ་ཏེ།།

ཡེ་ནས་ཁྱེད་ཐུགས་དྭངས་པའི་མེ་ལོང་གི་ཁམས་སུ།།

ངོ་མཚར་ཤེས་བྱའི་རྒྱུ་སྐར་རྩོལ་མེད་དུ་རྫོགས་ཀྱང་།།

གང་འདུལ་ཐབས་ཀྱིས་རོལ་མཛད་ཁྱེད་ཉིད་ཙམ་ཡིན་འདུག།

འདི་ན་སྣ་ཚོགས་སྒྱུ་མའི་ལྕགས་གཟེབ་ལ་ཚུད་པའི།།

གང་འདོད་སེམས་རྗེས་ཉུལ་བའི་རིགས་དྲུག་གི་སྐྱེ་བོས།།

ཐར་བའི་ལམ་སྣ་ཟིན་པའི་བྱིན་རླབས་ཀྱི་བདུད་རྩི།།

ཕངས་མེད་བརྩེ་བ་ཆེན་པོས་དུས་ཀུན་ཏུ་སྩོལ་ཅིག།

དགེ་སྡིག་ལས་ཀྱི་བག་ཆགས་ཀུན་གཞི་ལ་ཕབ་སྟེ།།

ཐོག་མེད་འཁོར་བར་འགྲིམ་པའི་བླུན་སྒོམ་གྱི་བུ་ཆུང་།།

གྲངས་མེད་འཇིག་རྟེན་ཚོགས་ཀྱི་རི་གྲོང་ཞིག་ཉུལ་ཡང་།།

ད་ལྟའི་གཏམ་རྒྱུད་འདི་ལས་སྣང་ཆ་ཙམ་མི་འདུག།

རེ་དོགས་རྒྱ་རྙི་བཙན་པོའི་རྦ་རླབས་ཀྱིས་གཡོ་བའི།།

ད་ལྟའི་མཛེས་སྡུག་འདི་ཡི་སྣང་འཆར་ལ་ཞེན་ཏེ།།

མདོ་མེད་སྙིགས་མའི་མི་བུ་ཆོས་མེད་ཀྱི་སྤྲང་པོ།།

ང་ཅག་བླུན་པོ་ལས་ཀྱང་བླུན་པོ་རང་ཡིན་འདུག།

ད་ནས་ཚེ་རབས་དུ་མའི་རི་གྲོང་ཞིག་བསྙེག་ཚེ།།

ཡུལ་དུས་སྐྱེ་བོ་གང་གི་ལུས་རྟེན་ཞིག་བརྗེས་ཀྱང་།།

སྔོན་གནས་ཚེ་རབས་ལས་ཀྱི་བག་ཆགས་རང་སད་དེ།།

སེམས་ཅན་དོན་ཀུན་འགྲུབ་པའི་ནུས་མཐུ་ཞིག་སྩོལ་མཛོད།།


  • ལེ་ཚན་སྔོན་མ།:ངའི་སེམས་ཀྱིས་ཁྱོད་ལ་སྙིང་ལགས་ཞེས་ཐེངས་ཤིག་འབོད་ཆོག་པར་ཞུ།
  • ལེ་ཚན་རྗེས་མ།:སོམ་ཉི།