རང་ཁྱིམ།

འབྲོག་རུ་བ་མཁའ་འགྲོ་ཚེ་རིང་།        2020-10-20

སྡེ་ཆེན་པོའི་མཐོན་པོ་རི་ཁ་ནས།།

ས་གཞོང་བ་དཀྱིལ་དབུས་ཐང་ཆེན་ན།།

སྦྲ་སྨུག་པོ་ཁ་ཚུབ་དཀར་པོ་ཅན།།

ལུས་ཀྲོང་ངེར་འགྱིང་བ་རང་ཁྱིམ་ཡིན།།

སྐྱིད་རང་ཁྱིམ་དྲོན་མོའི་རྒྱབ་ཕྱོགས་ན།།

རླུང་བསེར་བུས་བསྐྱོད་པའི་དར་ལྕོག་མཛེས།།

དགུང་ལང་ལོང་འཕྱོ་བའི་བསང་དུད་ཞིམ།།

ལུག་གཡང་དཀར་ཁྱུ་ཡིས་སྦྲ་ནག་བསྐོར།།

འབའ་ཚེར་མོ་ལུ་གུའི་འབའ་སྒྲ་སྙན།།

ཕྱུགས་ནོར་གནག་འབྲི་མོའི་ཟོག་རྡང་བཀང་།།

འབྲི་ཐུལ་མ་དཀར་མོའི་ངུར་སྒྲ་སྙན།།

སྦྲ་འདོགས་བྱེད་ཆོན་ཐག་ཕྲ་མོའི་འོག།

མཐུན་ཕུ་ནུ་ལ་སོགས་འབའ་རྡོ་རྩེད།།

དགོད་ཀུ་རེ་ཁ་མཚར་བྱེད་ཞོར་ལ།།

དམངས་སྲོལ་རྒྱུན་གླུ་ཤགས་ལེན་བཞིན་ཡོད།།

ལུས་ཨ་འཇམ་ཚ་རུ་མནབས་པ་ཡིས།།

གདོང་འཛུམ་གྱིས་ཕྱུག་པའི་ཕ་ལོ་ཡིས།།

དཀར་འོ་ཇས་ཁ་ལྕེ་སྦང་ཞོར་ལ།།

སྙན་སིང་སིང་གླིང་བུ་འབུད་བཞིན་གདའ།།

སྐེད་གསེར་གྱི་བཞོ་གཟུང་དཔྱད་པ་ཡི།།

དྲིན་མ་ལོ་མཆོག་གི་ལྷག་བསམ་གྱིས།།

ཐབ་དགུང་ཟས་གཡོས་སྦྱོར་བྱས་པ་དེ།།

ཐུ་ལི་ལི་རླངས་པ་འཕྱོ་བཞིན་ཡོད།།

སྐྱིད་རང་ཁྱིམ་ཟེར་བ་ཕྱི་རོལ་ནས།།

གསན་རྣ་བར་ཐོས་པ་དགོད་སྒྲ་ཡིན།།

སྐྱིད་རང་ཁྱིམ་ཟེར་བ་ནང་རོལ་ནས།།

ལུས་ཚོར་བས་བསྣམས་པ་དྲོད་ཁོལ་རེད།།

ཨ་ཅི་འདྲའི་འཛོམས་པ་སྐྱིད་སྐྱིད་ལ།།

  • ལེ་ཚན་སྔོན་མ།:ཆང་གི་ཞང་པོ།
  • ལེ་ཚན་རྗེས་མ།:རྩེ་ཆུའི་འགྲམ་གྱི་བྱམས་པ།