ཆང་གི་ཞང་པོ།

གངས་འཁྱམ་གསར་བུ།        2020-10-20

ཞར་བཀོད་གཅིག ༽

ཞང་པོ་ཆང་འཐུང་བར་དགའ།

ཚེ་གཅིག་སེམས་འཁྲེང་ས་ནི།

ཆང་དམ་བེ་གང་དང་རྩ་ཐང་གི་ལུག་

ཁྱུ་ཡིན།

ཞང་པོ་ཆང་འཐུང་བར་དགའ།

ངོ་གདོང་སྨུག་པོ་ནས་བྲག་རི་ཉིལ་རྗེས།

བྱ་རྒོད་ཀྱི་གཤོག་པ་མི་རྟག་པའི་སོ་སྒོ་

ན་ལྷུང་།

ཞང་པོ་ཆང་འཐུང་བར་དགའ།

ཨ་ར་དཀར་པོས་རྩ་ཐང་བུ་ཡུག་

གིས་གཙེས་རྗེས།

ལུག་ཁྱུ་དག་མེ་ཏོག་དམར་པོ་ཞིག་

ཏུ་གྱུར་སོང་།

ཞང་པོ་ཆང་འཐུང་བར་དགའ།

འདར་སིག་སིག་བྱེད་པའི་ཚེ་སྲོག་

གི་དབུགས་དབྱུང་།

དམྱལ་བའི་དམ་བེ་ན་ཆང་ཞིམ་པོ་

ཞིག་བསྙལ་རོགས།

ཞང་པོ་ཆང་འཐུང་བར་དགའ།

མིག་ཟུང་གི་ཁ་དོག་ཇེ་མོག་ཏུ་གྱུར་དུས།

བྲག་རི་ནས་རྒད་པོ་ཞིག་རིལ་བྱུང་།

ཞང་པོ་ཨ། ཆང་།

ཚེ་སྲོག་གི་ཀོང་བུར་ཆང་ལྟེམ་རྗེས།

རྨོ་བོའི་སེམས་ཁྲལ་བསྣམ་རོགས།

ལས་དབང་གི་ལྕག་ཚན་བསྣམ་རོགས།

ཆང་ཨ། ཞང་པོ།

ཁྱོད་ཀྱིས་ད་དུང་ཆང་འཐུང་རོགས།

ཞང་པོའི་དངུལ་ཁུག

ཞང་པོའི་དངུལ་ཁུག་སྐེ་ལ་བཏགས་ཤིང་།

རང་ཉིད་དང་བྲལ་མ་མྱོང་།

ཞང་པོའི་དངུལ་ཁུག་ནང་།

ཚི་དྲེག་གིས་བཏུམས་པའི་ཤོག་དངུལ་

ལྔ་བཅུ་ལས་མེད།

ཤོག་དངུལ་ནི་རྨོ་བོས་སྦྱིན་པའི་རྔན་

པ་ཡིན་པས།

ཤོག་དངུལ་སྟེང་གི་ཕོ་བྲང་དེ་ཉིད་འོད་

ཀྱི་ཀོང་བུར།

ཞི་འཇམ་གྱིས་གཟིམས་འདུག

ནམ་ཞིག ཞང་པོས་ཤོག་དངུལ་ལྔ་བཅུས་

ཆང་ཉོ་སྲིད།

ཞང་པོའི་དངུལ་ཁུག་སྐེད་པར་

བཏགས་ཤིང་།

རང་ཉིད་དང་འབྲལ་མ་མྱོང་།

ཞང་པོའི་དངུལ་ཁུག་ནང་།

ཧྲལ་ཧྲུལ་གྱི་ཤོག་བུ་ཞིག་ནག་པོར་གྱུར་

ཅིང་དེའི་སྟེང་ཨང་ཀི་ཁ་ཤས་འདུག

ཨང་ཀི་ནི་རྨོ་བོའི་ཁ་པར་ཨང་གྲངས་

ཡིན་པས།

ཨང་ཀི་རེ་རེ་ཟུངས་ཁྲག་ཏུ་བསྟིམས་ཤིང་།

འཚོ་བའི་སྐྱིད་སྡུག་ནས་འཛུམ་བྱུང་།

ནམ་ཞིག ཞང་པོ་རྩ་ཐང་དུ་ཚེ་སྲོག་

གི་མཇུག་རྫོགས་སྲིད།

  • ལེ་ཚན་སྔོན་མ།:རྫོང་རྒྱབ་ཀླུ་ཁང་།
  • ལེ་ཚན་རྗེས་མ།:རང་ཁྱིམ།