རྫོང་རྒྱབ་ཀླུ་ཁང་།

ཕུར་བུ་ཚེ་རིང་།        2020-10-20

མི་ལོ་དུ་མ་ཞིག་གི་སྔ་རོལ་དུ།

ཆུ་འཛིན་གྱི་རོ་བཅུད་ཟད་ལ་ཁད།

ལོ་ཏོག་གི་རྩ་བ་སྐམ་ལ་ཉེ།

རྟེན་འབྲེལ་ལ་དུང་བའི་ངའི་མེས་པོ་དག་གིས།

ཡིད་དུ་འོང་བའི་པོ་ཏ་ལའི་ལྟག་རྒྱབ་ཀྱི་མཚེའུར།

འོག་ཕྱོགས་ཀྱི་རྒྱལ་པོ་འདུག་སའི་ཀླུ་ཁང་ཞིག་བརྩིགས།

དུས་དེ་ནས་བཟུང་།

དམར་པོ་རི་ན་ཆགས་པའི་སྐད་སྙན་བྱ་བྱིའུ་ཡི་ཚོགས་དག

ཁྱེད་ཀྱི་ཕྱོགས་སུ་འཕུར་བཞིན་འདུག

དེ་རིང་། ལྷ་སའི་ཁྲོམ་གཞུང་གང་དུའང་།

ངའི་སྒྲ་འཛིན་གྱི་ལྒང་བུ་ཆུང་ཆུང་།

ལྷག་པར་གཟན་པའི་རླངས་འཁོར་གྱི་དུས་སྒྲས་

བཏོལ་ཅིང་།

ངའི་སྙན་ངག་གི་རྡོ་རིང་ལེབ་ལེབ།

ལང་ལོང་གི་མི་ཚོགས་དང་དཔུང་ཟུར་ཁྲོད་འགྱེལ་ལ་ཁད།

ཡིན་ན་ཡང་། ས་འདི་ནི།

ངའི་ཟང་ཟིང་གི་འཇིག་རྟེན་དང་རྙོག་འཛིང་གི་

སེམས་ཁམས།

ལྷིང་ངེར་འཇགས་པའི་སྐྱེས་ཁམས་དག་གཙང་གི་

གནས་མལ་ཡིན་ལ།

ས་འདི་ནི།

ངལ་བ་ཁྲི་ཕྲག་གིས་དུབ་པའི་འཚོ་བ་ཡི་ཞིང་སར།

སྤྲོ་དགའི་ངང་ཁྲ་ཆིལ་ལེར་བཞད་པའི་ཁྱེད་དང་

ངའི་འཛུམ་མདངས་ཀྱི་མེ་ཏོག་ཅིག་ཡིན་ཆོག

འདི་ནི་གང་ཡང་མ་ཡིན་ཏེ།

མདོ་དབུས་ཁམས་གསུམ་གྱི་འཛོམས་ཆང་བཞེས་ས་སྟེ།

རྫོང་རྒྱབ་ཀླུ་ཁང་དེའོ།།

  • ལེ་ཚན་སྔོན་མ།:འགྱུར་ལྡོག་མེད་པའི་འཁོར་བ་པ།
  • ལེ་ཚན་རྗེས་མ།:ཆང་གི་ཞང་པོ།