འགྱུར་ལྡོག་མེད་པའི་འཁོར་བ་པ།

ཀུན་ཁྱབ་ཡེ་ཤེས།        2020-10-20

གཏམ་སྙན་ཟིལ་བའི་རི་མོར་ཐལ་བའི་ཆོས།།

ཐོས་འཛིན་ཅོར་བའི་སྐྱིལ་བུར་ཤོམ་བྲོད་པའི།

རེ་དོགས་རྟོག་པས་བསྒངས་པའི་སེམས་ཀྱི་ཁྱིམ།།

ད་དུང་ཕྱིན་ཅི་ལོག་པས་ནོགས་ནས་འདུག།

སྔར་ཞིག་ན་ཆུང་སེམས་པ་སྟོན་མཁའི་སྤྲིན།།

འཆི་མེད་རྫིང་དུ་ཞུགས་ནས་རྒྱུ་བའི་ཚེ།།

མ་ངེས་ངག་གི་རེག་ལྡན་སྣ་ཚོགས་ཀྱིས།།

ཉམས་བྲོད་འཛུམ་པའི་གྲུ་ཆར་དཀྲིག་ནུས་མིན།།

ད་ཆ་མཆོག་གི་གཞུང་ལུགས་འོ་མའི་ཟོ།།

ཡུན་རིང་དཀྲོགས་པའི་རྗེས་ཐོབ་སྙིང་པོའི་བཅུད།།

ཆུ་ལ་དབྱུག་པ་བསྐོར་བའི་ངང་ཚུལ་ལས།།

མཐོང་བ་མེད་པའི་དོན་དེ་སུ་ལ་ཁག།

བཤད་བཤད་ངག་གི་འཁོར་ལོ་རླུང་བསྐྱོད་མ།།

ཕྱོགས་ཞེན་ལྗགས་ཀྱི་རྔ་ཡབ་གཡོབ་པ་ཡིས།།

ཕ་བིར་བྲག་ཆའི་ཤེ་མོང་ངོམ་པ་ལས།།

ཉེ་བའི་རིག་པའི་བུ་མོར་ཤགས་གླུ་གཏོང་།།

ལེགས་རྟེན་དལ་འབྱོར་ན་རུ་ལུང་རྟོགས་ཀྱི།།

ཞ་ལུ་འབུས་པའི་སྣང་བ་ཡིད་འོང་མོད།།

རང་མྱོང་དཔྱད་པ་སྨིན་པའི་རྫིང་བུ་རུ།།

ཉམས་སྣང་ཉ་མོའི་མང་ཉུང་མི་ཤེས་སམ།།

ལེགས་འགྲུབ་ཆེ་ཡང་དཔྱད་པའི་སྟེང་འཐུང་དུ།།

ཐག་ཆོད་གེ་སར་དགོད་པར་མ་གྱུར་མོད།།

ཨ་ཙི་ཨ་ཙི་སྙམ་པའི་བུང་བ་འདིས།།

ད་རེབ་ཅི་ཞིག་བརྗོད་སྙམ་སྙིང་དུ་བཞག།

ཕྱིན་མོད་ཕུགས་སུ་མི་གཏུགས་གོམ་པའི་འགྲོས།།

ཐལ་གྱིན་སྔངས་པའི་འདབ་མ་རླུང་གིས་འདར།།

ཕྱིར་ཞིང་དྲན་པའི་བློ་རྩེ་བསྐོར་བ་ན།།

བདག་ནི་སྐོར་བ་བྱེད་པའི་འཁོར་བ་པ།།

  • ལེ་ཚན་སྔོན་མ།:འཚོ་བ་འདིར་ང་མགུ་པོ་བྱུང་།
  • ལེ་ཚན་རྗེས་མ།:རྫོང་རྒྱབ་ཀླུ་ཁང་།