བརྩེ་བའི་མ་ལགས།

སྨན་ལྗོན།        2020-09-17

སྦྲ་ནག་གྲུ་བཞིའི་ནང་ཁྱིམ་དྲོད་ཁུལ་གྱི་དབུས་སུ།།

བྱམས་དང་བརྩེ་བའི་བདག་མོ་དྲིན་ཆེན་གྱི་མ་ལོས།།

དཀའ་སྡུག་ལུས་ཀྱི་ཁུར་བོ་རང་སྟེང་དུ་ལེན་བཞིན།།

ལོ་དང་ཟླ་བའི་ཁྲོད་ནས་ཕ་ཁྱིམ་འདི་སྐྱོང་བ།།

དབྱར་གྱི་མེ་ཏོག་སྣ་བརྒྱ་ས་སྟེང་དུ་བཞད་དུས།།

འབྲོག་པའི་ལྷས་འདམ་ཁྲོད་ཀྱི་གཡང་ཟོག་དང་མཉམ་དུ།།

ཆར་རྡུལ་ལུས་ལ་སྦངས་པའི་གཤིས་འཇམ་གྱི་མ་ལོས།།

མི་ཚེའི་རྨི་ལམ་རིང་མོ་རྩྭ་ཐང་དུ་རྨིས་འདྲ།།

དགུན་གྱི་ཁ་བའི་འདབ་མ་རི་སུལ་དུ་འཐོར་དུས།།

གྲང་རླུང་ལུས་ཀྱི་བ་སྤུ་ཚོད་མེད་དུ་གཡོ་བཞིན།།

བཟོད་དཀའི་གྲང་རེག་རྩུབ་མོའི་དུས་ཚིགས་ཀྱི་ཁྲོད་དུ།།

སྐུ་ངལ་བརྒྱ་ཕྲག་མྱོང་བའི་མ་ལོ་དེ་དྲན་པ།།

ངོ་གདོང་བརྩེ་བས་ཕྱུག་པའི་འཛུམ་ཞལ་གྱི་དབུས་ནས།།

མི་ལུས་གསར་དུ་རྙེད་པའི་བསམ་མེད་ཀྱི་བྱིས་པར།།

ཨ་མའི་གཅེས་ཕྲུག་ཟེར་བཞིན་པང་སྟེང་དུ་བླངས་ནས།།

རང་གི་ཚེ་སྲོག་ལས་ཀྱང་དམར་བ་འདི་རླབས་ཆེན།།

དབུ་སྐྲ་དུང་ལྟར་དཀར་བའི་བྱམས་ལྡན་ཀྱི་མ་ལོའི།།

ཚེ་ཡི་ཕྱི་ནང་གསང་གསུམ་བདག་ཡིད་དུ་འཆར་ན།།

མིག་ཟུང་མཆི་མས་བརླན་ནས་སྨྲེ་ངག་དེ་ཤོར་བཞིན།།

ང་ཡི་སྣང་བའི་འཇིག་རྟེན་ཁྱེད་རང་ལས་མེད་དོ།།


  • ལེ་ཚན་སྔོན་མ།:ཉིན་འདི་གར།
  • ལེ་ཚན་རྗེས་མ།:མུན་པར་བགྲོ་བ།