ཚེར་སིལ་རྒུམ་པའི་ཁྱེའུ།

རོལ་སྐུད།        2020-08-14

གང་ཞིག་འདུ་བྱེད་སྡོང་ལོ་ལ།།

ཞེན་པའི་རླུང་གིས་རབ་བརྡེགས་པས།།

ཅི་སྣང་སྣ་ཚོགས་ཆོ་འཕྲུལ་དང་།།

སྨུག་སྒྱུའི་ན་བུན་ལུས་སུ་ཆགས།།

 

འཚོ་བྱེད་སྨན་གྱིས་མི་སོས་ཤིང་།།

བསིལ་ལྡན་ཆུ་ཡིས་མི་འདག་པའི།།

དྲོད་སྙིང་དྭངས་མའི་གཤིས་བགས་ཀྱི།།

རང་བྱུང་ཁམས་ཀྱི་མི་དེ་སུ།།

 

ལྗོན་པའི་ལོ་མའི་མཆུ་སྒྲོའི་ལས།།

ཟམ་ཟིམ་འབབ་པའི་ཆར་ཟིམ་གྱིས།།

རི་དྭགས་ནགས་ཀྱི་སྐྱེ་བོའི་ཚོགས།།

ལན་གཅིག་དལ་བའི་སྤྱོད་པ་བསྒྱུར།།

 

དྲི་ལྡན་མེ་ཏོག་སིལ་མའི་ཕྲེང་།།

སྒེའུ་ཁུང་གྲལ་དུ་དཔྱང་པ་ཡིས།།

ངག་རིག་སེའུ་བཅུ་པའི་ཞལ།།

སྙིང་གི་ལྷུམས་སུ་འཛུམ་པར་བྱས།།

 

དཔག་ཚད་བརྒྱ་ཡི་ལམ་ཕྲན་གྱི།།

ནགས་མའི་ཚལ་དུ་འབུས་པ་ཡི།།

བསོད་ནམས་ཚིག་དྲུག་གླིང་བུའི་སྒྲ།

རྣ་བུའི་བུ་གར་སྙན་རེ་མཚར།།

 

བསིལ་ལྡན་སྟོན་ཀའི་མཚན་ལྗོངས་ཀྱི།།

ལུག་ཁྱུའི་སྐར་མ་སྟོང་ལྡན་དཀྱིལ།།

གྲགས་པའི་རི་བོང་དཀར་མོ་ཡིས།།

བྱམས་དུངས་དྲོ་བའི་མེ་ཁ་གསོས།།

 

རླབས་ཀྱིས་ལྡེམ་པའི་གཙང་པོའི་ངོགས།།

ཚེར་སིལ་རྒུམ་པའི་ན་ཆུང་གི།།

སྙན་པའི་ཁྲོ་ལོ་གྲག་པའི་སྒྲར།།

དལ་གྱིས་གསོན་ཀྱེ་ངག་རིག་དཔུང་།།

 

དོན་འབྲས་བོར་བའི་ཚིག་སྐམ་གྱི།།

སྡོང་ལོའི་འོག་གི་ངལ་སྟེགས་སུ།།

ཉམས་ཟད་རུད་པའི་བེམ་ཀོག་ལ།།

གང་སྐུའི་གཟི་དཔལ་རིང་དུ་སྐྱོངས།།

 

རེ་དོགས་སྒྲོག་གིས་བཅིངས་བ་ཡི།།

ཀྱལ་ཀའི་འཚོ་བའི་འཇིག་རྟེན་པར།།

ཡོན་ཏན་ཤེས་རབ་རྣོ་དབལ་གྱིས།།

སྲིད་པའི་རྨུ་ཐག་དལ་གྱིས་སོལ།། 


  • ལེ་ཚན་སྔོན་མ།:ང་རང་ཚོ་ལོ་ན་གཞོན་པས།
  • ལེ་ཚན་རྗེས་མ།:བྱམས་པར་ཞུ་གསོལ།